[A:288]འཕགས་པའི་གནས་ཡིན་གཙང་རིགས་ལྷ་ལྔ་ཟེར། །བར་ཁྱད་རྒྱ་ཁྱོན་གཉིས་འགྱུར་ཡར་ཡར་ཆེ། །བཅུ་བདུན་པ་དེ་འདོད་ལྷ་འདོད་ཆགས་བྲལ། །གཟུགས་ལ་ཆགས་པས་གཟུགས་ཁམས་པ་ཞེས་ཟེར། །དེ་ཡི་སྟེང་ན་གཟུགས་མེད་ལྷ་གནས་བཞི། །ལུས་མེད་ཏིང་འཛིན་བྱེ་བྲག་བཞི་འགྱུར་ཏེ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་རྣམ་ཤེས་དང་། །ཅི་ཡང་མེད་དང་འདུ་ཤེས་མེད་མིན་རྣམས། །གཟུགས་མེད་འདོད་པའི་འདོད་ཆགས་བཅས་པའི་ཕྱིར། །གཟུགས་མེད་ཁམས་ཀྱི་ལྷ་ནི་བཞི་ཟེར་རོ། །ཨེ་མ་སྲིད་པའི་རྩེར་ཕྱིན་ལྷ་ཐོབ་ཀྱང་། །སེམས་ཀྱི་གནས་ལུགས་མ་རྟོགས་འཁྲུལ་བ་སྤྱོད། །ཟོ་ཆུན་འཁྱུད་མོ་ཇི་བཞིན་འཁོར་བ་རྣམས། །དལ་འབྱོར་ཐོབ་དུས་བཙན་ས་འཛིན་པ་རིགས། །བསྐལ་བ་དང་ལོ་ཟླ་ཞག་དུས་ཀྱི་ཐུང་མཐའི་སྐད་ཅིག་མ་ལ་ཐུག་ཏེ། དེའང་། ཕྲ་བའི་སྐད་གཅིག་མའི་ཚད་ནི། གྱད་ཀྱིས་སེ་གོལ་གཏོགས་པ་གཅིག་གི་ཡུན་ནམ། བུད་མེད་འབྲིང་པོའི་བལ་འདབ་འཐེན་ནས་འཕང་ལ། དཀྲིས་པའི་ཡུན་དེ་བརྒྱ་ཉི་ཤུར་བགོས་པའི་ཆ་གཅིག་ཡིན་པར་འདོད་དོ། །ཕྲ་བའི་སྐད་གཅིག་མ་དེ་བརྒྱ་ཉི་ཤུ་ལ་རགས་པའི་སྐད་གཅིག་གོ །དེ་དྲུག་ཅུ་ལ་ཐང་གཅིག་གོ། དེ་སུམ་ཅུ་ལ་ཡུད་ཙམ་གཅིག དེ་སུམ་ཅུ་ལ་ཉིན་ཞག་གཅིག དེ་སུམ་ཅུ་ལ་ཟླ་བ་གཅིག ཟླ་བ་བཅུ་གཉིས་ལ་ལོ་གཅིག་ ལོ་དེ། བཅུ། བརྒྱ། སྟོང་། ཁྲི། འབུམ། ས་ཡ། བྱེ་བ། དུང་ཕྱུར། ཐེར་འབུམ་རྣམས་བཅུ་འགྱུར་ཡིན། དེར་རྟིང་ཟླ་བོ་དང་བཅས་པའི་གྲངས་ཀྱི་རྣམ་གྲངས་ནི་དཔག་ཏུ་མེད་དེ། མཐར་ཐུག་བརྗོད་དུ་མེད་པའོ། །བསྐལ་བ་དྲུག་ཞེས་པ་ནི། བར་གྱི་བསྐལ་བ་དང་། ཆགས་པའི་བསྐལ་བ་དང་། གནས་པའི་བསྐལ་བ་དང་། འཇིག་པའི་བསྐལ་བ་དང་། སྟོང་པའི་བསྐལ་བ་དང་། བསྐལ་བ་ཆེན་