[A:289]པོའོ། །བར་བསྐལ་ཅེས་པ་ནི། མི་ལོ་ཐེར་འབུམ་བཅུ་ལ་ཐེར་འབུམ་ཆེན་པོ་གཅིག་ཡོང་བ། དེ་ལ་བར་བསྐལ་གཅིག་ཟེར་ཏེ། དེ་འདྲ་བ་ཉི་ཤུའི་ཡུན་ལ་སྣོད་བཅུད་འཇིག ཉི་ཤུའི་ཡུན་ལ་སྟོང་། ཉི་ཤུའི་ཡུན་དུ་ཆགས། ཉི་ཤུའི་ཡུན་དུ་གནས་པ། བར་བསྐལ་བརྒྱད་ཅུ་པོ་དེ་རྫོགས་པ་ལ། བསྐལ་བ་ཆེན་པོ་གཅིག་ཟེར་རོ། །དང་པོར་ཆགས་པ་ལ་བར་བསྐལ་གཅིག་འགྲོ་བའི་ཚད་ནི། རླུང་གི་དཀྱིལ་འཁོར་བརྩམས་པ་ནས། དམྱལ་བ་མནར་མེད་དུ་སེམས་ཅན་གཅིག་སྐྱེས་པའི་བར་དེ་ཡིན་ཅིང་། འཇིག་པའི་འགོ་བརྩམས་པ་ནས། མནར་མེད་དུ་སེམས་ཅན་གཅིག་ཀྱང་མེད་པའི་དུས་དེའང་། བར་བསྐལ་གཅིག་ཡིན་ནོ། །སྣོད་འཇིག་པའི་ཚེ་མེས་འཇིག་པ་དང་། ཆུས་འཇིག་པ་དང་། རླུང་གིས་འཇིག་པ་དག་གསུམ་ལས། མཐར་རླུང་གིས་འཇིག་པའི་དུས་སུ། བསམ་གཏན་གསུམ་པའི་གནས་མན་འཇིག་ཏེ། རླུང་ཆེན་པོས་རི་རབ་ཀྱང་གཏོར་ནས་ཡང་དུ་སྟོང་ལ། གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟར་དུ་ཐམས་ཅད་ཞིག་ཚར་བའི་རྗེས་ལ། ཕྱོགས་བཅུའི་རླུང་འདུས་ནས། སྲ་ཞིང་བརྟན་པའི་དཀྱིལ་འཁོར་ཆགས་པ་ལ་བརྟེན་ནས། ཆུའི་དཀྱིལ་འཁོར་དང་། གསེར་གྱི་ས་གཞི་ལ་སོགས་སྣོད་ཀྱི་འཇིག་རྟེན་དང་། བཅུད་ཀྱི་སེམས་ཅན་སྔོན་མ་ལྟར་ཡར་མར། རིམ་པ་བཞིན་ལེགས་པར་ཆགས་སོ། །ཆོས་རྒྱལ་འཕགས་པས་མདོ་རྒྱུད་མཐའ་དག་གིས། ཁྱད་པར་འཕགས་པའི་དོན་བསྡུས་བསྟན་བཅོས་མིང་། །ཤེས་བྱ་རབ་གསལ་གྲགས་པའི་ཉི་མ་ཡིས། །བདག་བློའི་མུན་པ་བསལ་ཕྱིར་སྣོད་བཅུད་ཀྱི། །ཆགས་འཇིག་ཁམས་སུམ་དབྱེ་བ་མདོར་བསྡུས་འདིས། །དགེ་བས་འགྲོ་རྣམས་ཀུན་མཁྱེན་ཐོབ་པར་ཤོག། །།