[A:27]རྟེན་རྣམ་སྣང་གངས་ཅན་མཚོའི་སྐུ་དཔག་ཚད་བཅུ་གཉིས་ཡོད་པ་གཅིག་བཞེངས། དེ་ཕྱིས་རྒྱ་མཚོ་ན་བཞུགས་ཏེ། ཀླུ་དང་གཟའ་རྣམས་ཀྱི་མཆོད་པའི་རྟེན་བྱེད་དོ། །བརྒྱ་བྱིན་གྱི་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་དང་། འཆིང་བུ་ལྔ་བཅུ་རྩ་གཅིག་ལ་སྤྲུལ་སྐུའི་རྟེན། སངས་རྒྱས་དགུང་ལོ་བརྒྱད་པ་དང་། བཅུ་གཉིས་པ་དང་། ཉི་ཤུ་རྩ་ལྔའི་སྐུ་ཚད་གསུམ་བཞེངས་ནས། ཆེ་བ་དེ་བརྒྱ་བྱིན་རང་གི་ཡིད་དམ་མཛད། ཆུང་བ་གཉིས་རྒྱ་གར་དུ་རྒྱལ་པོ་གསལ་རྒྱལ་གྱི་ཡི་དམ་མཛད། བར་སྐབས་ནས་རྒྱ་ནག་དང་བལ་ཡུལ་དུ་ཕེབས། མཐར་བོད་དུ་འགྲོ་དོན་ལ་ཕེབས་པར་ལུང་བསྟན་པ་བཞིན་ད་ལྟ་ལྷ་ས་འཕྲུལ་སྣང་དང་། ར་མོ་ཆེ་ན་བཞུགས་པའི་ཇོ་བོ་མཆེད་གཉིས་ཡིན་ནོ། སྐུ་ཚབ་རྣམས་ཀྱི་རབ་གནས་སངས་རྒྱས་ཉིད་རང་གིས་མཛད་ཅིང་། ལྷ་བཟོ་བ་བི་ཤྭ་ཀརྨ་དང་། སྐུ་གཉེར་བྱམས་པ། བཀའ་སྲུང་ཕྱག་རྡོར་དང་དཔལ་མགོན་བདུན་ཅུ་རྩ་ལྔས་བྱས་ཤིང་བྱེད་པར་དམ་བཅས་སོ། །ཡང་སྟོན་པ་ལྷ་ཡུལ་དུ་བཞུགས་རིང་ལ་རྒྱལ་པོ་ཨུ་ཏྲ་ཡ་ན། སེམས་ཤིན་དུ་སྐྱོ་ནས། མོའུ་འགལ་གྱི་བུ་ལ་བསྐུལ་ནས། ཙན་དན་ག་ཤིརྵ་ལ་སྟོན་པའི་སྐུ་ཚབ་ལྷ་ཡུལ་དུ་བཞེངས་རབ་གནས་ཞུས་ཏེ། མི་ཡུལ་དུ་སྤྱན་དྲངས། ཕྱིས་རྒྱ་ནག་ཏུ་ཕེབས་ནས། ཙན་དན་ཇོ་བོར་གྲགས་པ་ཡོད། པཎ་ཆེན་ཤཱཀྱ་ཤྲི་ལྟར་ན། ཐ་སྐར་གྱི་ཟླ་བའི་ཚེས་བཅོ་ལྔ་ལ་ལྷ་ལས་བབས་པའི་དུས་ཆེན་ཡོད་པར་བཞེད། སྨིན་དྲུག་ཟླ་བའི་ཆེས་བཞི་ལ། སུམ་ཅུ་རྩ་གསུམ་ནས་མི་ཡུལ་དུ་ཕེབས་པ་ནི། དཔལ་ལྷ་ལས་བབས་པའི་དུས་མཆོད་ཞེས་བྱའོ། །དེ་ལྟར་ཐེག་པ་ཆུང་ངུའི་ཆོས་རྣམས་ནི། གང་ལ་གང་འཚམ་པར་བསྟན་ཟིན་གྱིས། ཐེག་ཆེན་བླ་མེད་ཀྱི་ཆོས་རྣམས། འཛམ་བུ་གླིང་གི་མི་རྣམས་ལ་གསལ་བར་སྟོན་པའི་དུས་སྐབས་ལ་མ་