R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 28
[A:28]སླེབས་པར་དགོངས་ནས། སྤྲུལ་པས་གསུངས་པ་ནི། འཁོར་ལོས་སྒྱུར་རྒྱལ་དུ་སྤྲུལ་ནས། དུར་ཁྲོད་བསིལ་བ་ཚལ་དུ་བྱ་བའི་རྒྱུད་གསུངས། གཞན་འཕྲུལ་དབང་བྱེད་དུ་སྤྱོད་པའི་རྒྱུད་གསུངས། འོག་མིན་དུ་རྣལ་འབྱོར་གྱི་རྒྱུད་གསུངས།རྒྱ་གར་ལྷོ་ཕྱོགས་ཤྲི་དྷརྨ་ཕ་ལ་ཆོས་ཀྱི་འབྱུང་གནས་སུ་བྱོན། རྡོ་གྲུ་གསུམ་སྣོལ་བའི་སྟེང་དུ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ནི། དཔའ་བོ་མཁའ་འགྲོ་དང་། མི་མ་ཡིན་རྣམས་ལ་གསུངས་པའོ། །དེ་རྣམས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་སྟེ་དགུ་པའོ། །བཅུ་པ་ནི། དེ་དག་གི་སྐབས་སུ་སྟོན་པ་ལ་ཐོ་མཚམས་ཞིང་བར་དུ་གཅོད་པ་བརྩམ་པར་འདོད་པའི་བདུད་དང་མུ་སྟེགས་རྣམས་ཕམ་པར་མཛད་པ་ནི། འཁོར་མོ་འཇིགས་པའི་ཡུལ་དུ་བདུད་བཏུལ་བའི་དུས་ན། གཞན་འཕྲུལ་དབང་བྱེད་ནས་བདུད་རྗེ་དགའ་རབ་དབང་ཕྱུག་ཁོ་ཡང་། ལྷའི་བུའི་བདུད་དགུ་ཁྲིས་བསྐོར་ནས་བྱུང་ཏེ། གོའུ་ཏ་མ་ཁྱོད་ཀྱི་བསྐལ་བ་གྲངས་མེད་གསུམ་དུ་ཚོགས་བསགས་ཟེར་བའི་རྫུན་གཏོང་བར་འདུག་པ། དེའི་དཔང་པོར་སུ་ཡོད་ཟེར་བ་ལ། སྟོན་པས། ས་འདི་འགྲོ་བ་ཀུན་གྱི་རྟེན་ཡིན་ཏེ། །རྒྱུ་དང་མི་རྒྱུ་མཉམ་ཤིང་ཉེ་རིང་མེད། །དེ་རིང་ཁྱོད་ཀྱི་གཟུ་དང་དཔང་མཛོད་ཤིག །གསུངས་པ་དང་། སའི་ལྷ་མོ་བསྟན་མ་བྱུང་ནས་ལུས་ཕྱེད་ཙམ་པ་སྟེང་དུ་བཏོན། ཐལ་མོ་སྦྱར་ནས། དེ་ངེས་པར་བདེན་ནོ་ཟེར་བས། བདུད་རྗེ་སྐྱེངས་ཏེ་དཔའ་བཀོང་ཞིང་། བདུད་ཀྱི་སྡེ་རྣམས་ཕམ་པར་གྱུར་ཏོ། །དེར་རྟིང་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་ཆེན་པོ་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ་ཀ་ཏི་དང་། རྣམ་པར་སྨྲ་བའི་བུ་ཀུན་ཏུ་རྒྱལ་བ་དང་། མི་ཕམ་སྐྲའི་ལྭ་བ་ཅན་དང་། ཀ་ཏའི་བུ་ནོག་ཅན་དང་། གཅེར་བུ་