R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 36
[A:36]མིང་། སྟོང་གསུམ་མི་མཇེད་འཇིག་རྟེན་ཟེར་ལ། སྟོང་གསུར་གྱི་དབྱེ་བ་ནི། རི་རབ་གླིང་བཞི། གླིང་ཕྲན་ཉི་ཟླ། ལྕགས་རི་ཁོར་ཡུག་ཚང་བ་གཅིག་ནས་བགྲང་བའི་ཆ་སྟོང་ལ་སྟོང་ཆུང་ཡང་ཟེར་ལ། སྟོང་སྤྱི་ཕུད་གཅིག་གོ ། དེ་སྟོང་ལ་སྟོང་གཉིས་པ་བར་མའོ། །དེ་སྟོང་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཟེར་རོ། །དེ་རྣམས་རེ་རེ་བགྲངས་ན། རི་རབ་ལིང་བཞིའི་ཚངས་རིས་མན་ཆད་བྱེ་བ་ཕྲག་བརྒྱ་སྟེ། དུང་ཕྱུར་གཅིག་གོ །མི་མཇེད་ཅེས་བྱ་བ་ནི། བཟོད་པའི་མིང་སྟེ། པད་དཀར་ལས་ཉོན་མོངས་པ་དུག་གསུམ་གྱི་མི་ཕྲོགས་ཤིང་བཟོད་ལ།
སྙིང་རྗེ་པད་དཀར་ལས། ཅི་ཕྱིར་འཇིག་རྟེན་གྱི་ཁམས་དེ་ནི་མི་མཇེད་ཅེས་བྱ་ཞེ་ན། སེམས་ཅན་དེ་དག་འདོད་ཆགས་ལ་མི་མཇེད་པ་དང་། ཞེ་སྡང་ལ་མི་མཇེད་པ་དང་། གཏི་མུག་ལ་མི་མཇེད་པ་དང་། ཉོན་མོངས་པའི་འཆིང་བ་རྣམས་ལ་མི་མཇེད་པས་དེའི་ཕྱིར་འཇིག་རྟེན་གྱི་ཁམས་དེར་མི་མཇེད་ཅེས་བྱའོ། །
དེ་ལ་སེམས་བསྲན་ཐུབ་པས་ན། མི་མཇེད་སངས་རྒྱས་ཀྱི་ཞིང་ཁམས་ཞེས་བྱའོ། །སྟོང་གསུམ་མི་མཇེད་ཀྱི་ཞིང་འདི་ནི། མཉམ་དུ་ཆགས་པར་བྱེད་དོ། །ལར་ཐུབ་པ་གངས་ཅན་མཚོའི་ཕྱག་མཉམ་བཞག་ཏུ་མཛད་པའི་སྟེང། ལྷུང་ཟད་གྱི་ནང་ན་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཆ་ཉི་ཤུ་རྩ་ལྔ་བརྩེགས་མར་ཡོད་པས། བར་པ་བཅུ་གསུམ་པ་དེ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཡིན་པར་འདོད་ཅིང་། ཡང་ལུགས་གཅིག་ལ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཆ་ལྔ་ལྔ་དབུས་དང་ཕྱོགས་རིགས་བསྒྲིགས་པ། ལྔ་བརྩེགས་སུ་ཡོད་པའི་དཀྱིལ་མ་དེ་ཐུབ་པའི་ཞིང་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ཡིན་པར་འདོད་པ་ཡང་ཡོད་དོ། ། ། །