[A:37]བསྟན་པའི་གནས་ཚད། ཐུབ་པའི་བསྟན་པ་གནས་ཚད་ལ། མདོ་སྡེ་བསྐལ་བཟང་ལས། དམ་པའི་ཆོས་ནི་ལོ་ལྔ་བརྒྱ་དང་གཟུགས་བརྙན་ལྔ་བརྒྱ་སྟེ། ལོ་སྟོང་དུ་གནས་ཟེར་བ་དང་།མདོ་རྒྱུད་མང་པོ་ནས་ལོ་གྲངས་མི་གཅིག་པ་དུ་མ་ཞིག་བཤད་ནའང་། དེ་རྣམས་ནི་དྲང་དོན་དགོངས་པ་ཅན་རེ་ཡིན་ལ། འབུམ་ཊཱིཀ་འགྲེལ་པ་གནོད་འཇོམས་ནས་བཤད་པ་འདི་ནི་སྒྲ་ཇི་བཞིན་པ་ཡིན་པར་མཁས་པ་རྣམས་བཞེད་དོ། །དེ་ཅིའི་ཕྱིར་ཞེ་ན། འབུམ་ཊཱིཀ་ནས་བསྟན་པ་ལོ་ལྔ་སྟོང་དུ་གནས་པ། ལྔ་བརྒྱ་ཕྲག་བཅུར་ཕྱེ་བས་ལེའུ་བཅུ་ཐམ་པར་འགྱུར་ལ། ལེའུ་དང་པོ་ལ་དགྲ་བཅོམ་པའི་ལེའུ། གཉིས་པ་ལ་ཕྱིར་མི་འོངས་པའི་ལེའུ། གསུམ་པ་ལ་རྒྱུན་དུ་ཞུགས་པའི་ལེའུ་རྣམས་ལ་ཁོངས་དུ་ཆུད་པའི་ལེའུ་གསུམ་ཞེས་བྱའོ། །བཞི་པ་ལྷག་མཐོང་གི་ལེའུ།ལྔ་པ་ཏིང་ངེ་འཛིན་གྱི་ལེའུ། དྲུག་པ་ཚུལ་ཁྲིམས་གྱི་ལེའུ་རྣམས་ལ་སྒྲུབ་པའི་ལེའུ་གསུམ་ཟེར། བདུན་པ་མངོན་པ། བརྒྱད་པ་མདོ་སྡེ། དགུ་པ་འདུལ་བའི་ལེའུ་རྣམས་ལ་ལུང་གི་ལེའུ་གསུམ་ཟེར། ལྔ་བརྒྱ་བ་ཕྲག་བཅུ་པ་ལ་རབ་ཏུ་བྱུང་བའི་རྟགས་ཙམ་ལས། ལྟ་སྤྱོད་རྣལ་མ་དག་མི་ལྡན་པས། རྟགས་ཙམ་འཛིན་པའི་ལེའུ་སྟེ། འདི་ལ་ལྔ་བརྒྱ་ཐ་མ་ཞེས་བྱའོ། །བསྟན་པ་ལོ་ལྔ་སྟོང་དུ་གནས་རྒྱུའི་སྟེང་ནས། སྔར་ཇི་ཙམ་འདས། ད་ལོ་གྲངས་ཇི་ཙམ་གནས་ནི། འདི་ཐོག་ནས་ཞིབ་ཏུ་བརྩིའོ། ། ། །