R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 39
[A:39]བཅུག ཚོགས་ནས་ཕུད་པ་དགྲ་བཅོམ་པ་སྤོང་བྱེད་ཀྱི་བསྐུལ་ནས་བསམ་གཏན་བསྒོམས་པས་ཞག་བདུན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་ནས། རྒྱལ་པོའི་ཁབ་ཏུ་བྱོན་ནས། སྣམ་སྦྱར་ལྔ་བརྒྱའི་ཁྲི་ཐོག་ཏུ་བཞུགས་ནས་བཀའ་བསྔ་མཛད་པའོ། ། བཀའ་དང་པོ་དོན་རྣམ་པ་བདུན་གྱི་སྒོ་ནས་བསྡུས་སྟེ། དུས་ནི་སངས་རྒྱས་མྱ་ངན་འདས་པའི་ཕྱི་ལོའི་དབྱར་རོ། །གནས་ནི་རྒྱལ་པོའི་ཁབ། ཨ་སུ་གསང་བའི་བྲག་ཁུང་ངམ། རྡོ་བཅག་པའི་ཕུག་གོ །སྦྱིན་བདག་ནི་རྒྱལ་པོ་མ་སྐྱེས་དགྲའོ། །ཚོགས་པ་ནི་དགྲ་བཅོམ་ལྔ་བརྒྱའོ། །གང་ཟག་སུས་ཐུགས་རྒྱུད་ལ་བསྡུས་པ་ནི། འཕགས་པ་འོད་སྲུང་གིས་བསྐུལ་ནས། ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱི་འདུལ་བ། འོད་སྲུང་གི་མངོན་པའི་སྡེ་སྣོད་རྣམས། དབྱར་ཟླ་འབྲིང་པོའི་ཚེས་བཅུ་དྲུག་ནས་བརྩམས་ཏེ་བསྡུས་པའོ། །བསྡུ་བའི་དངོས་གཞི་ནི་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་མོ། །དགོས་བྱེད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱ་བ་དང་། ལྷ་རྣམས་ཀྱི་འཕྱ་བ་བསལ་བར་བྱ་བའི་ཕྱིར་བསྡུས་པ་དང་བདུན་ནོ། །བཀའ་བསྡུ་བར་པ་ལ་དོན་བདུན་ཏེ། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ནས་སོ། །གནས་ཡངས་པ་ཅན་གྱི་གཙུག་ལག་ཁང་དུའོ། །སྦྱིན་བདག་རྒྱལ་པོ་དྷརྨ་ཨ་ཤོ་ཀའོ། །ཚོགས་པ་དགྲ་བཅོམ་བདུན་བརྒྱའོ། །གང་ཟག་དགྲ་བཅོམ་པ་གྲགས་པས་གསོལ་བ་བཏབ་ནས་གནས་བརྟན་ཐམས་ཅད་འདོན་གྱི་ཐུགས་རྒྱུད་ལས་སོ། །བསྡུ་བྱ་སྡེ་སྣོད་གསུམ་མོ། །དགོས་པ་བསྟན་པ་དར་ཞིང་རྒྱས་པ་དང་། རྒྱལ་པོ་ཉི་མ་བཅུ་པའི་མཆོད་གནས་