R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 40
[A:40]དགེ་སློང་ལྷ་ཆེན་པོས་ཆོས་ལོག་བརྩམས་པ་འགོག་པའི་ཕྱིར་དུ་བརྩམས་པ་དང་བདུན་ནོ། །དེ་ལྟར་བཀའ་བསྡུ་གཉིས་པོའི་དུས་སུ། སྟོན་པས་གསུང་ཚད་ཀྱི་སྡེ་སྣོད་རྣམས་མི་བརྗེད་པའི་གཟུངས་ཐོབ་ཅིང་། མངོན་པར་ཤེས་པ་དང་ལྡན་པའི་དགྲ་བཅོམ་པ་རྣམས་ཚོགས་ནས་དྲན་བསྡུར་ཞུ་དག་མ་ནོར་བར་བྱས་པ་ཡིན་གྱིས། པོ་ཏི་གླེགས་བམ་དང་ཡི་གེར་བཀོད་པ་ནི་ཚིག་འབྲུ་གཅིག་ཀྱང་མེད་པར་བཞེད་དོ། །བཀའ་བསྡུ་གསུམ་པའི་དོན་བདུན་ནི། དུས་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་གསུམ་བརྒྱ་ལོན་ནས། གནས་ཤྲཱི་ཛ་ལན་དྷ་རའི་གཙུག་ལག་ཁང་།སྦྱིན་བདག་རྒྱལ་པོ་ཀི་ན་ལ། ཚོགས་པ་དགྲ་བཅོམ་པ་ལྔ་བརྒྱ། བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཁྲི་དྲུག་སྟོང་རྣམས་སོ། །གང་ཟག་དགྲ་བཅོམ་པ་པུར་ནི་ཀས་གསོལ་བ་བཏབ་ནས། སྐྱེ་བ་ཐ་མའི་བྱང་ཆུབ་སེམས་དཔའ་སུ་མུ་ཏྲི་ཏའི་ཐུགས་རྒྱུད་ལས་སོ། །དངོས་པོ་ནི་སྡེ་སྣོད་གསུམ་མོ། །དགོས་པ་ནི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་དང་། རྒྱལ་བའི་བཀའ་ལ་ཕྱི་རབས་ཀྱི་གང་ཟག་རྣམས་ཀྱིས་ལྷག་ཆད་ནོར་འཁྲུལ་དུ་འདོན་པ་དང་། སྒོ་སྐུར་སྤངས་པའི་ཕྱིར་དག་པར་བསྡུས་པ་དང་བདུན་ནོ། །བཀའ་བསྡུ་གསུམ་པ་དེའི་དུས་སུ། སྡེ་སྣོད་གསུམ་ལ་གཏོགས་ཚད་ཐམས་ཅད་གཞུང་དུ་བཀོད་ཅིང་། བཀའ་ཤོག་ཏུ་བཏབ་ནས་བམ་པོ་དང་། ལེའུ་རྣམས་གྲངས་གསལ་བར་བྱས་པའོ། །བཀའ་བསྡུ་རིམ་པ་གསུམ་པོ་འདི་ནི་ཐེག་པ་ཆུང་ངུའི་བསྡུའོ། །