[A:42]འདི་བཞིན་གྱི་རྒྱས་བཏབ་ཡོད་ཅིང་། མདོར་ན་སྐབས་ཆེན་བརྒྱད། སྐབས་ཆུང་བདུན་ཅུ་ཐམ་པ་ནི། རྒྱས་པ་འབུམ་ནས་བསྡུས་པ་ཡི་གེ་གཅིག་མ་ཡན་ལ་ཚང་ངོ་། །འབུམ་བོད་ཡུལ་དུ་སྒྱུར་བ་པོ་སྔ་མ་ནི། མཁས་པ་བཻ་རོ་ཙ་ན་ཡིན་ནོ། །ད་ལྟ་ཤོ་ལོ་ཀ་འབུམ་མ་ཚང་བ་ནི། མཐའ་དུམ་ཀླུའི་ཡུལ་དུ་ལུས་པར་བྱེད་ནའང་། ཆོས་ཉིད་མི་འགྱུར་བའི་ལེའུས་འཇུག་བསྡུས་པས། དོན་ལ་ཚང་བར་ཀ་ཅོག་ཞང་གསུམ་ལ་སོགས་ལ་པཎ་མཁས་པ་ཐམས་ཅད་བཞེད་པ་མཐུན་ནོ། །ཡང་འབུམ་སྡེ་ལྔར་གྲགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་འབུམ་ནི། རྒྱས་པ་འབུམ་ལ་ཟེར་ཏེ། ཟབ་ཅིང་རྒྱ་ཆེ་བ་ཤོ་ལོ་ཀ་འབུམ་ཡོད་པས་འབུམ་ཞེས་བྱའོ། །དཀོན་བརྩེགས་ལ་སྨོན་ལམ་འབུམ་ཡོད་པས་འབུམ་ཞེས་བྱ། ཕལ་པོ་ཆེ་ན་སངས་རྒྱས་ཀྱི་མཚན་འབུམ་ཡོད་པས་འབུམ་ཞེས་བྱའོ། །མཚན་དགུ་བརྒྱ་མ་ཚང་བ་འཕགས་པ་གླང་རུ་ལུང་བསྟན་ན་ཡོད་པས་ཚང་ངོ་། །ལང་ཀར་གཤེགས་པའི་མདོ་ན། སྲིན་པོ་འདུལ་བའི་རྣམ་གྲངས་འབུམ་ཡོད་པས་འབུམ་ཞེས་བྱའོ། །མྱ་ངན་ལས་འདས་པའི་འབུམ་ནི། སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་གསུངས་པ་འབུམ་ཡོད་པས་འབུམ་ཞེས་བྱ་བ་རྣམས་སོ། །གསུངས་རབ་ཡན་ལག་བཅུ་གཉིས་ནི། བརྒྱད་སྟོང་འགྲེལ་པ་སྙིང་པོ་དོན་མཆོག་ལས། མདོ་སྡེ་དབྱངས་སྙད་ལུང་དུ་བསྟན། །ཚིགས་བཅད་མཆོད་བརྗོད་གླེང་གཞི་དང་། །རྟོགས་བརྗོད་དེ་ལྟ་བུ་བྱུང་དང་། །སྐྱེས་རབས་ཤིན་དུ་རྒྱས་པ་དང་། །རྨད་བྱུང་གཏན་ལ་ཕབ་པ་དང་། །གསུང་རབ་ཡན་ལག་བཅུ་གཉིས་ཡིན། །བཀའ་བསྡུ་གསུམ་པ་དགོས་པའི་ཉེར་ལེན་ནི། དེའི་དུས་ན་ཉན་ཐོས་