[A:43]དགེ་འདུན་གྱི་ཚོགས་ཐམས་ཅད། སྟོན་པ་སངས་རྒྱས་ཀྱི་རྗེས་སུ་སློབ་པར་འདོད་པ་མཐུན་ཅིང་། ལྟ་བ་མ་ལོག་པ་ཤ་སྟག་ཡིན་ནའང་། གང་ཟག་དབང་པོ་རབ་འབྲིང་མཐའ་གསུམ་གྱིས། སྟོན་པས་གསུངས་པའི་དྲང་དོན། ངེས་དོན། ལྡེམ་དགོངས་ལ་སོགས་རྣམས་ལ་དགོངས་ཡུལ་ཐ་དད་དུ་བཟུང་། དེའི་ཚིག་གི་ཕྱོགས་ལ་ཞེན་ནས། སོ་སོར་གྱེས་པས་སྡེ་པ་བཅོ་བརྒྱད་དུ་གྲགས་པ་བྱུང་བ་དེ་དུས་དགེ་འདུན་ལ་འགྱེད་པའི་ཕྱིར་རྩོད་པ་བྱུང་བ་སྟེ། གཞི་ཡོད་པར་སྨྲ་བ་ཚང་ལ་སྡེ་པ་རེ་རེ་བཞིན། ངེད་ཀྱི་འདི་བཀའ་དངོས་ཅན་ཡིན་གྱི་གཞན་མ་རྣམས་དེ་ལྟར་མ་ཡིན་ནོ་ཟེར་བ་སོགས་ཀྱི་རྩོད་པ་བྱུང་ངོ་། །དེ་ལ་ཡང་རྩ་བའི་སྡེ་པ་བཞི། དེ་ལས་གྱེས་པའི་བཅོ་བརྒྱད་ཡོད་དེ། རྩ་བ་བཞི་ནི། ཐམས་ཅད་ཡོད་པར་སྨྲ་བ། ཕལ་ཆེན་པ། མང་པོས་བཀུར་བ། གནས་བརྟན་པའི་སྡེ་བ་དང་བཞིའོ། །ཐམས་ཅད་ཡོད་སྨྲ་བ་ལ་གྱེས་པ་བདུན་ནི། གཞི་ཀུན་པའི་སྡེ་བ། འོད་སྲུང་པའི། ས་སྟོན་པའི། ཆོས་སྲུང་པའི། གོས་དམར་ཅན། རྣམ་པར་ཕྱེ་ཏེ་སྨྲ་བ། མང་དུ་ཐོས་པ་ལ་སྦྱངས་པའི་སྡེ་པ་རྣམས་སོ། །པཎྜི་ཏ་དྷ་ན་ཤཱི་ལས། སྡེ་པ་ཐ་དད་ཀློག་པའི་འཁོར་ལོ་ལས། གཞི་ཀུན་པ་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མའི་སྡེ། །རྣམ་པར་ཕྱེ་ཏེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་པར་སྨྲ་བ་ཡིན་ཞིས་གསུངས། དེ་དག་གི་སྐད་ནི། སཾ་སྐྲི་ཏའི་ཆོས་སྟོན་ནོ། །རིགས་རྒྱལ་རིགས། སྲས་སྒྲ་གཅན་འཛིན་གྱི་སློབ་རྒྱུད། བསླབ་པ་ལ་གུས་པའི་མཆོག་གོ །མཁོ་བའི་ཡོ་བྱེད་བཅུ་གསུམ་ནི། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། དེའི་ཡང་