R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 45
[A:45]སྦྱར་འདྲ། རྟགས་དུང་ངོ་། །གནས་བརྟན་པའི་སྡེ་པ་ལས་གྱེས་པ་གསུམ་ནི། གཙུག་ལག་ཁང་ཆེན་པོའི་སྡེ་པ། རྒྱལ་བྱེད་ཚལ་ན་གནས་པའི་སྡེ་པ། འཇིག་མེད་རི་ལ་གནས་པའི་སྡེ་པ་རྣམས་སོ། །དེ་ཉིད་ལས། རྒྱལ་བྱེད་ཚལ་གནས་འཇིག་མེད་གནས། །གཙུག་ལག་ཁང་ཆེན་གནས་བརྟན་པ། །ཞེས་གསུངས་སོ། །སྐད་ཨ་བ་བྷྲཾ་ཤ་ཏས་སྟོན་ནོ་ཤ་ཟའི་སྐད། རིགས་བྲག་གོར་སྡེའི་གདོལ་བ། ཀ་ཏྱཱ་ཡ་ནའི་སློབ་རྒྱུད། མཐའ་འཁོབ་འདུལ་བའི་མཆོག སྣམ་སྦྱར་འདྲ། རྟགས་བུམ་པའོ། །དེ་རྣམས་ཀྱི་ལོག་རྟོག་དགག་ཅིང་། གཅིག་གིས་གཅིག་ལ་ཆོས་མ་ཡིན་ཟེར་བ་བསལ་བའི་ཕྱིར་དུ། བསྡུ་བ་གསུམ་པ་མཛད་པ་ཡིན་ཏེ། ཐུབ་པའི་བསྟན་པ་ལ་སྡེ་པ་བཅོ་བརྒྱད་དུ་གྱེས་པ་ཡོང་བའི་སྔ་ལྟས། སྔོན་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ་བྱུང་བ། སངས་རྒྱས་འོད་སྲུང་ལ་ཞུས་པས་མ་འོངས་པ་ན། འདི་ལྟར་འབྱུང་ངོ་ཞེས་ལུང་བསྟན་པ་ཡོད་དོ། །
རྨི་ལྟས་བཅུ་ནི་གླང་གཉིས། སྤྲེལ་གཉིས། ཁྲོན། ཆུ་ཆེ། ལྡུམ་ར། ཙན་དན། འཐབ་རས། ཀྲི་ཀྲིའི་རྨི་ལམ་བཅུ་ཡིན།
སྤྱིར་ཆོས་ཐམས་ཅད་བསྡུ་ན། བཀའ་བསྟན་བཅོས་གཉིས་སུ་འདུས་ཏེ། དབྱིག་གཉེན་གྱིས་རྣམ་བཤད་རིག་པ་ལས། ཆོས་རྣམས་ཐམས་ཅད་
མདོར་བསྡུས་ན་
བཀའ་དང་བསྟན་བཅོས་
གཉིས་སུ་འདུས་
ཏེ། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་དང་། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། །ཞེས་གསུངས་ལ། བཀའ་དང་བསྟན་བཅོས་ཀྱི་ཁྱད་པར་ནི། སྟོན་པ་བཞུགས་པའི་ཞལ་ནས་གསུངས་པ་དང་། ཆོ་འཕྲུལ་གྱི་ཆོས་ཀྱི་སྒྲ་བསྒྲགས་པ་ཐམས་ཅད་སྟོན་པའི་བཀའ་ཡིན་ནོ། །སྟོན་པ་གཤེགས་ནས་ད་ལྟའི་བར་ལ་མཛད་པ་ཐམས་ཅད་