[A:48]ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་གསུམ་མོ། །སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སྐོར་ན། ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བས། འཛམ་བུ་གླིང་མཐའ་དག་གི་རྒྱལ་པོ་བྱས་སོ། །དེ་ནས་རིམ་གྱིས་རྒྱལ་སར། ཙནྡྲ་བདུན་བྱུང་བ་ནི། ཧ་རི་ཙནྡྲ། ཤྲཱི་ཙནྡྲ། ཨ་ཁེ་ཙནྡྲ། དྷརྨ་ཙནྡྲ། ཀརྨ་ཙནྡྲ། བི་ཀྲ་མ་ཙནྡྲ། ག་མི་ཙནྡྲ་རྣམས་སོ། །གོ་མི་ནི་ཛ་ལན་དྷ་རའི་སློབ་མ་ཡིན་ཅིང་། དེའི་ཕྱག་རྒྱ་མོ་ཀླུ་མོ་གཅིག་གི་ནུབ་རེ་ལ་རྒྱལ་བུ་རེ་ཟོས་པས། ཀླུ་མ་དེ་རྒྱལ་པོ་གོ་མི་ལས་བཏུལ་ལོ། །དེ་ནས་རྒྱལ་སར་པཱ་ལ་བདུན་བྱུང་སྟེ། གོ་པཱ་ལ། དྷརྨ་པཱ་ལ། བི་ཁྰ་པཱ་ལ། ར་མ་པཱ་ལ། ཧི་མ་པཱ་ལ། མོ་པཱ་ལ། ནེ་པཱ་ལ་རྣམས་སོ། །ནེ་པཱ་ལའི་དུས་སུ་བློན་པོས་ངོ་ལོག་བྱས་ནས། པཱ་ལའི་བང་སོ་ནུབ་བོ། །དེ་ནས་སེ་ན་བཞི་བྱུང་སྟེ། བ་ན་སེ་ན། ཀེ་པ་སེ་ན། མ་ནི་ཏྲ་སེ་ན། མ་ཧྭན་སེ་ནའོ། །ཙནྡྲ་བདུན་དང་། པཱ་ལ་བདུན། ལྷ་མོ་ ཙུདྡྷས་བྱིན་པའི་དངོས་གྲུབ་ཡིན་ནོ། །པཱ་ལ་ན་བདུན་པོའི་རིང་ལ། མཁས་གྲུབ་ཐམས་ཅད་བྱོན་ནོ། །དྷརྨ་པཱ་ལ་རྒྱ་གར་ན་བཞུགས་དུས། བོད་ན་རྒྱལ་པོ་སད་ན་ལེགས་མཇིང་ཡོན་ཡོད་པར། ཡར་ཀླུངས་བང་སོའི་རྡོ་རིང་ལ་ཡི་གེ་ཡོད་ཅེས་གྲུབ་ཐོབ་ཨུ་རྒྱན་པས་བྲིས་འདུག་གོ། མི་མཇེད་འཇིག་རྟེན་གྱི་ཁམས་འདིར། སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ། ལོ་ལྔ་སྟོང་ལྔ་བརྒྱ་གནས་རྒྱུ་དང་། སྐུ་ཚེས་དགུང་ལོ་བརྒྱ་ཐུབ་རྒྱུ། སྐྱེ་དགུའི་བདག་མོ་སོགས་བུད་མེད་རབ་ཏུ་བྱུང་བའི་སྐྱོན་གྱིས། བསྟན་པ་ལོ་ལྔ་བརྒྱ་དང་། སྐུ་ཚེ་ལོ་ཉི་ཤུ་བྲི་བས་སྟོན་པ་དགུང་ལོ་བརྒྱད་ཅུ་ལ་གཤེགས་ཤིང་། བསྟན་པ་ལོ་ལྔ་སྟོང་དུ་ནུབ་པར་བཤད་ལ། ལྔ་སྟོང་གི་སྟེང་ནས་སྔར་ལོ་དུ་འདས། ད་ལོ་གྲངས་ཇི་ཙམ་ཡོད་བརྩི་བ་ནི། ཆོས་རྗེ་ས་སྐྱ་པས་བཞེད་པ་ལྟར། ཐུབ་པ་ས་ཕོ་འབྲུག་ལོ་