R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 51
[A:51]འཕགས་ཡུལ་བལ་པོའི་རྒྱལ་རབས་བཞུགས། ན་མོ་ཨརྱ་མཻ་ཏྲི་ཡེ། བྱམས་དང་ཐུགས་རྗེས་སྲིད་གསུམ་འགྲོ་བ་ཡི། །མགོན་གྱུར་ས་བཅུའི་དབང་ཕྱུག་རབ་བཏུད་ནས། །དེ་ཡི་སྤྲུལ་པ་བསྟན་པ་རྒྱས་མཛད་ཅིང་། །ལི་ཡུལ་ཆགས་འཇིག་ཁྲིམས་གཉིས་གནས་ཚུལ་བཤད། །ལི་ཡུལ་བལ་པོར་གྲགས་པ་འདིས། སངས་རྒྱས་ཀྱིས་བསྟན་པ་དང་། བསྟན་འཛིན་གྱི་གང་ཟག་རྒྱལ་བློན་ཇི་ལྟར་བྱོན་ན། སྟོན་པ་ཤཱཀྱ་ཐུབ་པ་འགྲོ་བའི་དོན་ལ་སངས་རྒྱས་ནས། བཞུགས་པའི་ཕོ་གྲངས་ཉི་ཤུ་རྩ་གཅིག་ཡོད་པའི། རྟིང་མ་དེ་ལི་ཡུལ་འདི་ཡིན་པས། གཞན་ལས་ཀྱང་ཡོན་ཏན་ལྷག་པར་ཆེ། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་དུས། ལི་ཡུལ་འདི་ལ་ཙན་དན་གྱི་ཡུལ་ཟེར་དམ་ཆོས་ཤིན་དུ་དར་རོ། །འོད་སྲུང་མྱ་ངན་ལས་འདས་ནས། དེའི་སྐུ་གདུང་བཞུགས་པའི་མཆོད་རྟེན་གོ་མ་ས་ལ་གྷན་དྷ་ཕྱི་བསྟན་དུ་བཞེངས་ཤིང་། དེའི་ནང་ན་འོད་སྲུང་གི་སྐུ་གདུངས་ཡང་རིལ་པོ་གཅིག་ཏུ་བཞུགས་པར་བྱེད་ལ། ད་ལྟ་ནི་འཕགས་པ་ཤིང་ཀུན་
གྱི་མཆོད་རྟེན་
ཞེས་གྲགས་པར་བྱེད་དོ། །དྲང་སྲོང་རྣམས་ནམ་མཁའ་ལ་འཕགས་ནས་ཡུལ་གཞན་དུ་འབྱོན། དེ་རྟིང་བསྟན་པ་ནུབ་པས་ལི་ཡུལ་མཚོར་གྱུར་ཏོ། །དེ་ནས་ཡུན་རིང་པོ་ཞིག་ནས་སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་དུ་བྱོན། འགྲོ་དོན་མཛད་ནས་མྱ་ངན་ལས་འདའ་བར་ཉེ་བ་ན། ཡུལ་ཁམས་སོ་སོ་སྲུང་མ་སོ་སོ་ལ་གཏད་པའི་ཚེ། ལི་ཡུལ་ཡང་། རྣམ་སྲས་དང་། ཡང་དག་གཤེད་ལ་