R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 52
[A:52]སོགས་པ་ལ་གཏད་ནས་སྟོན་པ་ཉིད་རང་ཡང་། འཁོར་མང་པོ་དང་བཅས་ནས་ནམ་མཁའ་ལ་ལྡིང་ནས་ལི་ཡུལ་མཚོར་གྱུར་པ་དེར་བྱོན། ད་ལྟ་ཡང་ཆུ་བོ་ཤེལ་ཆབ་གོང་མའི་འགྲམ། གྷུང་ཏིར་གྱི་མཆོད་རྟེན་གྱི་ཐད། སྟེང་གི་ནམ་མཁའ་ལ་པདྨའི་གདན་ལ་བཞུགས་ནས། བྱིན་གྱིས་བརླབས་འོད་ཟེར་བསྐྱེད་ནས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ཀྱི་འོད་ཟེར་སྟོན་པའི་དབུ་ལ་ཐིམས། དགེའོ་ཞེས་པའི་སྒྲ་བྱུང་ངོ་། །དེ་ནས་ཕྱིར་བསྟན་པ་འབྱུང་བའི་རྣམ་འཕྲུལ་དང་ལུང་བསྟན་མང་དུ་མཛད་ཅིང་། ཤ་རིའི་བུའི་གསེག་ཤང་གི་རྩ་བ་དང་། རྣམ་ཐོས་ཀྱི་བུའི་མདུང་ཐུང་གིས་མང་པ་བ་ར་ན། པ་ར་བ་ཏ་ཞེས་པས། རི་རྣག་གི་ཁ་དོག་འདྲ་བར། མཚོ་འདི་དབྲོལ་ལ་གྱིང་ཤམ་གཙང་པོ་ལ་ཕོ་ཞིག་ཞེས་བཀའ་བསྩལ་པ་བཞིན་བྱས་པས། སྟོན་པ་ཉིད་ཀྱང་གླང་མགོ་རིའི་སྟེང། སྐུ་གཟུགས་ཆེན་པོ་བཞུགས་པའི་གཡོན་ལོགས་ཀྱི་ལྷ་ཁང་ན། ད་ལྟར་མཆོད་རྟེན་ཆུང་ངུ་གཅིག་ཡོད་པར་དགུང་ཞག་བདུན་བར་ལ་བཞུགས། ཀུན་དགའ་བོས་སྔར་གྱི་རྒྱུ་རྐྱེན་དེ་རྣམས་ཅི་ལགས་ཞུས་པས། མཚོ་དབྲལ་བ་ལས་ཆུ་སྐམ་ནས་ང་མྱ་ངན་ལས་འདས་པའི་འོག་ཏུ་འདིར་ལི་ཡུལ་བྱ་བ་འབྱུང་སྟེ། འུ་ཐན་གྱི་མཁར་གྲོང་ལྔ་ལྡན་ཞེས་པའི་ཆེན་པོ་གཅིག་དང་། དེ་སྲུང་བའི་རཱ་ཛ་གྲ་མའི་དུས་སངས་རྒྱས་ཀྱི་སྐུ་གཟུགས་ཙན་དན་གྱི་ནང་དུ། སྐུའི་གྲིབ་མ་རང་ལ་ནུབ་པ་ཞིག་རྒྱ་གར་ནས་བྱོན།ཐེག་པ་ཆེན་པོ་ལ་སྤྱོད་པའི་དགེ་སློང་ཕོ་མོ་གནས་པའི་གཙུག་ལག་ཁང་སུམ་བརྒྱ་དྲུག་ཅུ་རྩ་གསུམ་རྒྱལ་བློན་དད་པ་ཅན་གྱི་བཞེངས་པ་ནས། སྐུ་གདུང་ལ་མཆོད་པའི་བྱང་སེམས་དགེ་སློང་ཕོ་མོ་དང་། ཁྱིམ་པ་སྐྱེ་བོའི་ཚུལ་དུ་གནས་པ་ཕྱེད་མའི་ལྔ་བརྒྱ་རྟག་ཏུ་གནས་སོ། །གཞན་ཡང་ཕྱིར་མི་ལྡོག་པའི་བྱང་སེམས། ཐེག་པ་