[A:60]བསྒྲུབས། དེ་དུས་ཀོང་ཇོ་ལ་འབྲུམ་ནད་བྱུང་ནས་འདས། གཞན་ཡང་མི་མང་རབ་ཤི བོད་བློན་རྣམས་གྲོས་འཆམས་པར། ལྷོ་བལ་གྱི་དགེ་འདུན་མཁན་པོ་རྣམས་བོས་པས་ལན་ཟེར། དེ་རྣམས་ཀྱི་བན་དེ་བོས་པ་རྣམས་ཐམས་ཅད་ནུབ་ཕྱོགས་སུ་བསྐྲད། དེ་རྣམས་གྷན་དྷ་ར་ཆེན་པོར་ཆས་ནས་འགྲོ་བ་ལ། ལམ་དུ་ཀླུའི་རྒྱལ་པོ་ཨེ་ལ་པ་ཏྲས་སྦྲུལ་དུ་སྤྲུལ་ནས། མཚོ་ལ་ཟམ་པ་བྱས་ཏེ་བསྒྲལ་བས་སྦྲུལ་ཤི དགའ་ལྡན་དུ་སྐྱེས་མཚོ་ཡང་བསྐམས་སོ། །དེའི་དུས་བོད་ཡུལ་ན། དགེ་འདུན་དང་རིང་བསྲེལ། གསུང་རབ། མཆོད་པའི་ཡོ་བྱད་གཅིག་ཀྱང་མ་ལུས་པ་བཀལ་སོང་ངོ་། །དེར་འཛམ་བུ་གླིང་གི་དགེ་འདུན་ཐམས་ཅད། གྷན་དྷ་ར་ཆེན་པོར་སླེབས། དེའི་རྒྱལ་པོས་ལོ་གཉིས་ཀྱིས་བར་ལ་འཚོ་བ་སྦྱངས། ཅི་བདེ་ལ་སོ་སོར་བཞག་གོ། དེའི་མཚམས་སུ་རྒྱལ་པོ་དེ་འདས། དེ་ལ་བུ་གཉིས་ཡོད་པའི་ཆོས་ལ་དད་པ་དེ། བན་དེས་བསྐུལ་ནས་བན་དེས་རྒྱལ་པོ་བྱས་པ། བློན་འབངས་བྱིན་པོས་བན་དེའི་རྒྱལ་པོ་བསད། དགེ་འདུན་བྱིན་པོ་འཁྱམ་དུ་བཅུག་པ་། ཀེའུ་ཤཱ་གྱིའི་རྒྱལ་པོས་སྤྱན་དྲངས་ཏེ། ཡུལ་དེར་འཛམ་བུ་གླིང་གི་དགེ་འདུན་རིལ་འདུས་པར་གྱུར་ཏོ། །ཞེས་གསུངས་སོ། །སངས་རྒྱས་ཞབས་བཅགས་ཡུལ་མཆོག་ལུང་བསྟན་ནས། རྒྱལ་པོ་ས་ནུ་བློན་པོ་ཡཀྵ་གཉིས། །ལས་ཀྱི་བདས་ནས་ཡུལ་ཁམས་གསར་དུ་བཟུང་། །ས་ནུ་ཚ་བོ་བི་ཛ་སཾ་བྷ་བས། །བྱོན་རིང་བྱམས་དང་འཇམ་དབྱངས་སྤྲུལ་པ་ཡིས། །ལི་ཡུལ་དམ་ཆོས་དར་བའི་དབུ་བརྙེས་ནས། །ཆོས་རྒྱལ་མང་པོས་མཆོད་རྟེན་གཙུག་ལག་ཁང་། །བརྒྱ་སྟོང་དཔག་མེད་བཞེངས་པས་བསྟན་པ་དར། །དགྲ་བཅོམ་ཕོ་མོ་ལོ་པཎ་མང་དུ་བྱོན། །སངས་རྒྱས་གཤེགས་ནས་ཉིས་བརྒྱ་ལྔ་བཅུའི་སྐོར། །ཆོས་བྱུང་ཐེ་བའི་ཉིས་སྟོང་ལོ་ཡི་བར། །ཡུལ་དེར་ཐུབ་བསྟན་དྲི་མེད་བྱུང་བར་བཤད། །དེ་ནས་ད་ལྟ་ཡན་ཆོད་ལྟ་སྤྱོད་