R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 66
[A:66]ལག་པས། མགོ་རང་གི་བླངས་པ་སྐེ་ཐོག་ཏུ་སྦྱར་ནས། གཙུག་ལག་ཁང་དུ་ཕྱིན། འཁོར་མང་པོ་ལ་ལས་རྒྱུ་འབྲས་ཀྱི་ཆོས་བསྟན་ནས། མགོ་བོ་རང་གི་པང་དུ་ལྷུང་ནས། ཚེའི་དུས་བྱས་སོ། །ཆིང་སང་གྭའི་རྒྱལ་རྒྱུད་ཆད་ནས་སུའི་དབྱང་དི་ཟེར་བའི་རྒྱལ་པོ་ཕ་བུ་གཉིས་བྱུང་། དེས་མངའ་འོག་ནས། ཐང་ཀའུ་ཅུང་ཛུང་ཞེས་པ་ཐའེ་ཡང་ཐའི་ཧུའི་གླེའུ་ཤུ་སིའི་གླེའུ་ཤུ་བྱེད་ཅིང་ཡོད་པ་དེས། ངོ་ལོག་ནས། རྒྱལ་ས་ཕྲོགས་ཏེ། དེ་ནི་ཐང་གི་རྒྱལ་པོའི་ཐོག་མ་ཡིན་ནོ། །དེ་ལ་བུ་གསུམ་ཡོད་པའི། འབྲིང་པོ་ཐང་ཐའི་ཛུང་རྒྱལ་པོའི་དཔུང་ཐང་ཟམ་ཚང་ཞེས་པའི། ལོ་ཙཱ་བ་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་གིས། རྒྱ་གར་ནས་ཆོས་མང་པོ་བསྒྱུར། དེ་ཡན་ལ་རྒྱ་ལ་ལོ་ཙཱ་བ་ཉིས་བརྒྱ་བྱུང་། དེ་དུས་ཟོན་ཀླུ་ཤྲཱི་ཞེས་པའི་འདུལ་བ་འཛིན་པ་ཆེན་པོ་ཞིག་ཡོད་པ། དེ་རི་མཐོན་པོའི་ཟུར་ནས་གཡང་ལ་ལྷུང་བ། ལྷ་བུ་ཞིག་གིས་བར་སྣང་ནས་བཟུང་སྟེ། མ་བསྣད་པ་ལ། དེ་སུ་ཡིན་དྲིས་པས། བདག་རྒྱལ་པོ་རྣམ་ཐོས་སྲས་ཀྱི་བུ་གཉིས་པ་ཡིན། ངེད་སྤུན་གཉིས་ཀྱི་གསུང་རབ་ཡན་ལག་བཅུ་གཉིས་བསྲུང་བར་དམ་བཅས་པས། བདག་འདུལ་བའི་སྡེ་སྣོད་སྲུང་བ་ཡིན་ཟེར་ཞིང་། ཟོན་ཀླུ་ཤྲཱིས་དང་། ཐང་ཟམ་ཙང་དང་། ཀུ་མཱ་ར་ཆུང་བ་རྣམས་ཅི་འདྲ་ཡིན་དྲིས་པ་ལ། ལན་བཏབ་པ་ཡོད། ཐང་ཐའི་ཛུང་གི་སྲས་མོ། སུའི་ལན་ཀོང་ཇོ། བོད་སྐད་དུ། མཚོ་ནང་གི་པདྨ་ཞེས་པ་དེ། བོད་དུ་འོང་དུས། ཇོ་བོ་ཤཱཀྱ་མུ་ནེ་ཡང་བྱོན་པ་ཡིན། དེ་ནས་ད་ལྟ་མེ་ཕོ་ཁྱི་ལོ་འདི་ཡན་ལ། ལོ་བདུན་བརྒྱ་འགྲོ་ཞེས་པ་རྒྱའི་དེབ་ཐེར་རྙིང་པ་ལས། ཛཾ་བྷ་ལ་སོགས་ཤྲཱི་མགོན་གི་མཐོང་བ། ལྷ་སའི་གཙུག་ལག་ཁང་ན་ཡི་གེར་འདུག་པ་མཐོང་ནས་བྲིས་པ་ཡིན་ནོ། །ཐང་ཤུ་ཐུ་ཧྭན་ཞེས་རྒྱའི་དེབ་ཐེར་ལས་ཐང་ཀའུ་ཛུང་རྒྱལ་པོས། ས་ཕོ་སྟག