R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 71
[A:71]བསྐོས། རྒྱལ་པོ་ལོ་གཅིག་བྱས། བཞི་ཅུ་རྩ་དྲུག་པ་མེ་ཕོ་ཁྱི་ལ་འདས། དེའི་བུ་ཆེ་བ་ཧུན་ཛུང་། ལོ་དེ་ལ་རྒྱལ་སར་བསྐོས། བྱི་བ་ལོ་ལ་འདས། དེའི་བུ་མུ་ཛུང་གླང་ལོ་ལ་བསྐོས་དེ་ཤེད་དུ། ལྷ་སའི་ཐང་དུ་བོད་ཀྱི་བློན་པོ་ཚོགས། བན་ཆེན་པོས་མནའ་ཚིག་བཏོན། བདེན་པ་བདར། ཐམས་ཅད་གཙིགས་དང་མནའ་ཆད་བྱས་སོ། །མུང་ཛུང་མེ་ཕོ་རྟ་ལ་བློན་པོས་བཀྲོངས། དེའི་བུ་གཉིས་པ་བུ་ཛུང་མེ་མོ་ལུག་ལ་བསྐོས། ས་མོ་ལུག་ཡན་ཆོད་ལ་ལོ་ཉིས་བརྒྱ་དང་བརྒྱད་སོང་། བུ་ཛུང་གི་ལོ་བཅུ་གཉིས་སྲིད་བཟུང་། སུམ་ཅུ་པ་ཤིང་ཕོ་འབྲུག་ལ་འདས། ལོ་དེ་ལ་བུ་ཛུང་གི་བུ་ལྔ་པ་ཝུ་ཛུང་བསྐོས། ལོ་དྲུག་སྲིད་བསྐྱངས། སུམ་ཅུ་སོ་བཞི་ཤིང་མོ་གླང་ལ་འདས། མེ་ཕོ་སྟག་ལ་བུ་ཛུང་གི་བུ་བཅུ་གསུམ་པ། ཟོན་ཛུང་བསྐོས། དེ་ནས་བོད་ཀྱི་ས་ཆ་ཕལ་ཆེ་བ་རྒྱས་བླངས། དང་པོ་ཐང་གི་རྒྱལ་ཁམས་ཀིཾ་ཇང་ཧུ་ནས་བོད་ཀྱི་བར་ལ་ས་ལེ་བར་སྟོང་ཚོ་དགུ་དང་། དགུ་བརྒྱ་ཡོད། ཕྱིས་ཟོན་ཛུང་ནས་བཟུང་སྟེ། བོད་ལ་མཁར་མིག་གསུམ་བརྒྱ་ཤོར། ཡང་ཐང་གི་ཐམས་ཅད་ཐོབ། ཟོན་ཛུང་གི་ལོ་བཅུ་བཞི་སྲིད་བཟུང་ལྔ་བཅུ་པ་མེ་མོ་ཡོས་ལ་འདས། ས་ཕོ་འབྲུག་ལ་དེའི་བུ་ཆེ་བ་གྷིང་ཛུང་བསྐོས། དེ་ཡན་ཆད་བོད་དང་འབྲེལ་ཆེའོ། །དེ་ལྟར་ཐང་གིས་རྒྱལ་པོ་ཀའུ་ཛུང་ནས། འདི་ཡན་ཆད་ལ་ལོ་ཉིས་བརྒྱ་དང་སུམ་ཅུ་སོ་དགུ་སོང་། གྷིང་ཛུང་ག་རྒྱལ་སྲིད་ལོ་བཅུ་བཞི་བྱས། ཆུ་ཕོ་འབྲུག་ལ་འདས། ཤིང་ཕོ་རྟ་ལ་དེའི་བུ་ལྔ་པ། ཧྱིང་ཛུང་བསྐོས། ལོ་བཅོ་ལྔ་སྲིད་བཟུང་། ས་ཕོ་སྤྲེའུ་ལ་འདས། ལོ་དེ་ལ་དེའི་བུ་བདུན་པ་ཇེའུ་ཛུང་བསྐོས། ལོ་བཅུ་བཞི་སྲིད་བཟུང་། ཆུ་མོ་ཕག་ལ་འདས། ཤིང་ཕོ་བྱི་བ་ལ་དེའི་བུ་དགུ་པ་ངའི་དིང་བསྐོས། ལོ་བཞི་སྲིད་བཟུང་། མེ་ཡོས་ལ་འདས། དེ་ནས་ཐང་གི་རྒྱལ་རབས་ཆད། དེ་ཡན་ལ་རྒྱལ་པོ་ཉི་ཤུ་བྱུང་ངོ་། །རྒྱལ་ཁམས་གྱི་བདག་པོ་ལོ་བརྒྱ་དང་། བརྒྱད་ཅུ་རྩ་