R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 3
[A:3]འཛམ་བུ་གླིང་པའི་རྒྱལ་རབས་སྤྱི་བྱིངས་ཀྱི་སྟོང་ཐུན་ཟུར་ཙམ་བཞུགས་སོ། ། ཨོཾ་སྭ་སྟི། སྔོན་བསགས་བསོད་ནམས་དུ་མས་རྒྱུ་བྱས་ཞིང་། །རིགས་རུས་ཆོ་འབྲང་ལྡན་པས་རྐྱེན་བྱས་ཏེ། །རྒྱུ་རྐྱེན་རྟེན་འབྲེལ་འཛོམས་པས་གླིང་བཞི་ལ། །འཁོར་ལོའི་སྒྱུར་རྒྱལ་རྣམས་ལའང་བསྟོད་པར་བགྱི། །སྤྱི་རུ་ལྷ་མིའི་རྗེར་གྱུར་རྒྱལ་རིགས་ལ། །རྒྱས་པར་ཕྱེ་ན་སུམ་བརྒྱ་དྲུག་ཅུ་ཡོད། །དེ་ལས་བསྡུས་ན་རྣམ་པ་གཉིས་བཤད་དེ། །དག་པ་སངས་རྒྱས་རྗེ་དང་མ་དག་སེམས་ཅན་རྗེ། །སངས་རྒྱས་རྗེ་ནི་སྐུ་གསུམ་འགྲོ་དོན་མཛད། །སེམས་ཅན་རྗེ་ལ་རྣམ་པ་ལྔར་དབྱེ་ནས། །སྟོང་གསུམ་དབང་བྱེད་སྤྱི་ཕུད་རྒྱལ་པོ་དང་། །ས་འཛིན་རྒྱལ་པོ་ཕྱོགས་སྐྱོང་རྒྱལ་པོ་དང་། །རིགས་དྲུག་རྒྱལ་པོ་འཛམ་གླིང་རྒྱལ་པོ་དང་། །ལྔ་པོ་དེ་ཡང་འཛམ་གླིང་སོག་ཁའི་རྒྱལ་པོ་ལ། །བསྐོས་དང་གདུང་རྒྱུད་གློ་བུར་རྒྱལ་པོར་བཤད། །རྒྱལ་པོ་དེ་གསུམ་འཁོར་ལོས་སྒྱུར་རྒྱལ་རྐྱེན། །དེ་ལ་སྤྱི་ཕུད་རྒྱལ་པོ་ཚངས་པ་དང་། །ས་འཛིན་བརྒྱ་བྱིན་ཕྱོགས་སྐྱོང་རྒྱལ་ཆེན་བཞི། །རིགས་དྲུག་རྒྱལ་པོ་གཤིན་རྗེ་ཆོས་རྒྱལ་དང་། །འཛམ་གླིང་གདུང་རྒྱུད་རྒྱལ་པོ་མང་བཀུར་རྒྱུད། །འཁོར་ལོ་སྒྱུར་རྒྱལ་སྤྱི་བོ་སྐྱེས་ལ་སོགས། །གསེར་དངུལ་ཟངས་ལྕགས་དབང་སྒྱུར་རྒྱལ་པོ་ཡིན། །བོད་ཀྱི་རྒྱལ་པོ་གློ་བུར་རྒྱལ་པོར་གྲགས། །བསྐོས་པའི་རྒྱལ་པོ་ཕྱོགས་བཞིའི་རྒྱལ་པོ་ཡིན། །རྒྱ་གར་ཆོས་ཀྱི་རྒྱལ་པོར་བསྐོ་བ་ནི། །