R91: རྒྱ་བོད་ཀྱི་ཡིག་ཚང་མཁས་པ་དགའ་བྱེད་ཆེན་མོ་འཛམ་གླིང་གསལ་བའི་མེ་ལོང་།

  • Pagination (Witness A): 79
[A:79]ཆོས་ཀྱི་སྣོད་དུ་མ་གྱུར་པ། དེ་རྣམས་འདུལ་བ་ལ། ཐོག་མར་མི་རུ་བསྒྱུར་བའི། སྤྲུལ་པ་བཏང་དགོས་པ་འདུག་སྙམ་ནས་དགོངས་པ་ན། སྤྲེའུ་ཡི་གྱད་ཧ་ནུ་མནྠ་ཞེས་པ་དེ་འཕགས་པའི་སྐུ་དྲུང་ན་བྱུང་བ་ལ། ཁྱོད་ཀྱིས་ཁ་བ་ཅན་དུ་སྒོམ་ནུས་སམ་གསུངས་པས། ནུས་ཟེར་བ་ལ། དགེ་བསྙེན་གྱི་སྡོམ་ཁྲིམས་ལྔ་ཕོག མི་སྡུག་པ་སྒོམ་པའི་ཆོས་བསླབ་ནས་བཏང་བས། སྤྲེའུ་དེས་ཁ་བ་ཅན་གྱི་ཡུལ་གྱིས་དབུས། བྲག་ཆེན་གྱི་རྩེ་ལ་སྒོམ་པའི་དྲུང་དུ། བྲག་སྲིན་མོ་གཅིག ཉིན་རེ་བཞིན་བྱུང་ནས། མི་ཚངས་པར་སྤྱོད་པར་འདོད་པའི་རྣམ་འགྱུར་སྣ་ཚོགས་དང་། དེའི་ཕྱིར་དུ་སྲོག་འདོར་བའི་རྣམ་འགྱུར་གྱིས་ཚུལ་སྟོན་གྱིན་འདུག་པས། སྤྲེའུ་སྙིང་རྗེས་མ་བཟོད་དེ། འཕགས་པའི་དྲུང་དུ་ཕྱིན་ནས། རྒྱུ་མཚན་ཞུས་པས། འཕགས་པ་དང་སྒྲོལ་མས་གནང་བ་བྱིན་ཏེ། སྤྲེའུ་དང་བྲག་སྲིན་མོས་འདོད་པ་སྤྱད་པ་ལས། ཟླ་བ་དགུ་ངོ་བཅུ་ནས་པ་མ་མི་འདྲ་བ་སྤུ་དང་མཇུག་མ་མེད་པ་གཅིག་སྐྱེས་པ་དེ་ནི། ཤ་དམར་པོ་དང་། ཁྲག་དྲོན་མོ་ལ་རབ་ཏུ་དགའ་བ་ཞིག་གོ། དེ་ནགས་ཚོགས་ཅན་དུ་སྤྲེའུའི་ཁྱུར་བསྐྱལ་བས། སྤྲེའུ་མོ་དང་འགྲོགས་ནས་ལོ་གཅིག་ལ་དེ་འདྲ་བའི་ཕྲུག་གུ་བཞི་བརྒྱར་འཕེལ་ལོ། །དེ་རྣམས་ཀྱང་ཕ་རིགས་ཤས་ཆེ་བ་ནི། དད་པ་དང་ཤེས་རབ་དང་། སྙིང་རྗེ་དང་བརྩོན་འགྲུས་ཆེ་བ། ཆོས་དང་དགེ་ལས་ལ་མོས་པ། བློ་གྲོས་རྒྱ་ཆེན་པོ་དང་ལྡན་པས་ན། བྱང་ཆུབ་སེམས་དཔའ་བློ་ཆེན་གྱི་རིགས་ཞེས་བྱའོ། །མའི་རིགས་ཤས་ཆེ་བ་ནི་ཤ་ཁྲག་ལ་དགའ་བ༑ ཚོང་ཁེ་སོགས་སེམས་པ། བདག་འཛིན་དང་ཆགས་པ་ཆེ་བ། སྐད་ཆེ་བ། ངོ་མི་རྟག་པ། གཞན་གྱི་སྐྱོན་འདོན་པ་ལ་དགའ་བ། མོས་གུས་དང་དད་པ་ཆུང་བ།བྱ་བྱེད་མང་བ། མིག་མི་ལ་མི་ཆགས་པ། གདོང་དམར་ཤ་ཟན་གྱི་རིགས་ཤ་སྟག་