R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༥༦༣ན
[A:༥༦༣ན]ལམ་ནིའུ་གུ་ཆོས་དྲུག་ནོས་སྐོར་ནི། དེ་ཡང་མཁས་གྲུབ་ཁྱུང་པོའི་རྣལ་འབྱོར་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས། རྒྱ་དང་བལ་པོའི་ཡུལ་དུ་ལན་བདུན་བྱོན་ནས། གྲགས་ཆེན་གྱི་བླ་མ་བརྒྱ་དང་ལྔ་བཅུ། གྲུབ་པ་ཐོབ་པའི་བླ་མ་བཅུ་གསུམ། རྩ་བའི་བླ་མ་བཞི། མཁའ་འགྲོ་མ་ནཱི་དྷི་གཉིས་པོ་ལས་ཟབ་ཆོས་བསམ་གྱིས་མི་ཁྱབ་པ་གསན་པ་རྣམས་ཀྱི་ཡང་སྙིང་ནི་དྷི་གཉིས་ཀྱི་ཆོས་དྲུག་སྟེ། ཤངས་ལུགས་སུ་གྲགས་པའི་ཟབ་ལམ་ནཱི་གུ་ཆོས་དྲུག་འདིའི་ཆོས་སྐོར་རྣམས་ནོས་པའི་རྐང་གྲངས་ནི། རྩ་བ་ནཱི་གུ་ཆོས་དྲུག། སྡོང་པོ་ཕྱག་རྒྱ་ཆེན་པོ། ཡལ་ག་ལམ་ཁྱེར་རྣམ་གསུམ། མེ་ཏོག་མཁའ་སྤྱོད་དཀར་དམར། འབྲས་བུ་ལུས་སེམས་འཆི་མེད། བཀའ་སྲུང་ཡེ་ཤེས་མགོན་པོའི་སྐོར་ཏེ་དྲུག་ལས། དང་པོ་ནཱི་གུའི་ཆོས་དྲུག་སྐོར་ལ། སྨིན་བྱེད་དབང་དང་སྒོས་བཀའ། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་ལུང་དང་གསུམ་ལས། དང་པོ་ནཱི་གུའི་ལམ་གྱི་སྨིན་བྱེད་ལ། ཁོག་དབུབ་གསུམ། སྒོས་བཀའ་དྲུག་གམ་བརྒྱད་དེ། འཇུག་སྒོ་དབང་གདམས་ངག་དང་འབྲེལ་བ་དང་། གདམས་ངག་དབང་དང་འབྲེལ་བ་གཉིས་བསྣན་པས་བརྒྱད་དོ། །