[A:༥༨༣བ]ནང་བསྐྱེད་རིམ་གྱི་རྣམ་བཤད་རྒྱས་པ་རྣམས་སྦྱར་ཏེ་ཕྱི་དཀྱིལ་གྲུབ་ནས། ནང་དཀྱིལ་མགོར་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པ་འཇམ་དབྱངས་བསོད་ནམས་དབང་པོའི་ཡིག་སྟེང་ནས་དང་། གསང་དབང་གི་ཁྲིད་ཀྱི་དབུར་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པའི་གཙོ་བོ་རྒྱལ་ཡུམ་རྡོ་རྗེ་བདག་མེད་མའི་བྱིན་རླབས་མཁན་ཆེན་ངག་ཆོས་དང་། འཇམ་དབྱངས་མཁྱེན་བརྩེའི་ཡིག་སྟེང་ནས་སིནྡྷཱུ་རའི་དཀྱིལ་འཁོར་དུ་ལེགས་པར་ནོས།
དེ་ལྟ་བུའི་ཁྲིད་ཀྱི་སྐབས་སུ་ཐོག་མར་སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི་སྒོ་ནས་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པ་དང་། དབང་བཞིའི་ལམ་གྱི་སྐབས་སུ་རེ་རེ་ལའང་ལམ་དང་། ལྟ་བ་དང་། གྲུབ་མཐའ་དང་། འདའ་ཁ་མ་དང་། ཞར་བྱུང་བར་དོ་དང་། འབྲས་བུ་སྟེ་དོན་ཚན་དྲུག་དྲུག་གི་འཆད་པའི་དམིགས་ཁྲིད་སྐྱོང་དགོས་པ་རྣམས་ལ་སྒྲོ་འདོགས་གཅོད་པ་དང་། དམིགས་རྐང་སྐྱོང་བ་ཚུལ་བཞིན་བགྱིས། དེ་ལྟར་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་ཁྲིད་བྱིན་རླབས་མན་ངག་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང། རྗེ་བཙུན་བདག་མེད་མ། དཔལ་ལྡན་བིརྺ་པ།