[A:༣༤༧ན]
ཐུགས་དབྱེར་མི་ཕྱེད་པའི་སྤྲུལ་པར་བསྟན་པས་ཕྱོགས་རེ་ཙམ་གྱི་སྤྲུལ་པའི་བསྟན་སྲུང་གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་ཕྱིར་བསྟན་སྲུང་ཀུན་གྱི་གཙོ་བོ་སྟེ། ཚུལ་དེ་ལ་དགོངས་ནས་ཀུན་མཁྱེན་མཁྱེན་བརྩེའི་དབང་ཕྱུག་གིས། བགྲང་ཡས་བསྟན་སྲུང་ཀུན་གྱི་སྡེ་དཔོན་ཆེ། །དྲན་པས་སྙིང་གི་མུན་སེལ་རྡོ་རྗེ་གུར། །ཞེས་ཆེད་དུ་བརྗོད་པའང་སྒྲོ་སྐུར་གྱིས་དབེན་པའི་རང་བཞིན་བརྗོད་པའི་རྒྱན་ཁོ་ན་སྟེ། དེའང་དཔལ་ཀྱེ་རྡོ་རྗེའི་བཤད་པའི་རྒྱུད་རྡོ་རྗེ་གུར་དང་། མགོན་པོ་མངོན་པར་འབྱུང་བ། ལྷན་མོའི་ཁུངས་འཕགས་ཡུལ་ན་བཞུགས་པའི་གདན་བཞིའི་རྒྱུད་རྒྱས་པ་ལ་སོགས་པ་རྣམས་ལས་གསལ་བར་བསྟན། བཀའ་ལུང་གི་འགྲེལ་བྱེད་དམ་པ་འཕགས་པའི་ཡུལ་དུ་གྲུབ་པ་མཆོག་གི་ས་ལ་བཞུགས་པའི་སློབ་དཔོན་བྲམ་ཟེ་མཆོག་སྲེད་ལ་སོགས་པས་དར་ཞིང་རྒྱས་པར་མཛད། བསིལ་ལྡན་ཁ་བའི་ལྗོངས་འདིར་མ་ཧཱ་པཎྜི་ཏ་ག་ཡ་དྷ་ར་དང་། དོན་ཡོད་རྡོ་རྗེ། ཤདྡྷཱ་ཀ་ར་ཝརྨ་དང་། ཤཱཀྱ་ཤྲཱི་རྣམས་ལས་བརྒྱུད་དེ་བྱོན་པ་འཇམ་དཔལ་རྡོ་རྗེ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་