R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༥བ
[A:༣༥༥བ]ཞེས་གསུངས་པ་ལྟ་བུའི་ཉམས་ཁྲིད་སྨིན་རྒྱས་དང་། རྡོ་རྗེ་ནག་པོ་ཆེན་པོའི་ནང་ཁྲིད་མ་གསང་ཁྲིད་དུ་གྲགས་པ་ནི། ནང་རྩ་གསུམ་འཁོར་ལྔ་ལ་བརྟེན་ནས་བསྒྲུབས་པས་ནང་སྒྲུབ། གསང་བ་སེམས་ཀྱི་གནད་ལ་བརྟེན་ནས་བསྒྲུབས་པས་གསང་སྒྲུབ་ཏུ་གྲགས་ཤིང་། འདི་ལ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གཉིས་ཡོད་པ་ལས། གཉིས་ཀའི་རྩ་བར་གྱུར་པ་གོང་པས་མཛད་པའི་མན་ངག་མདོར་བསྡུས། དེ་ཉིད་ཅུང་ཟད་རྒྱས་སུ་བཏང་བ་དམ་པས་མཛད་པ་དང་། གསང་རྟེན་ལུས་ལ་སྦ་བའི་ཡིག་ཆུང་རྣམས་དང་། ཞལ་ཤེས་ལ་བརྟེན་ནས་ནང་ཁྲིད་ཐུན་མོང་བ་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་གྱིས་མཛད་པའི་བསྙེན་སྒྲུབ་ཐུན་མོང་མ་ཡིན་པའི་མན་ངག་ལ་སོགས་པ་རྒྱ་ཆེར་བཞུགས་ཤིང་། འདིའི་སྐབས་སུ། རྒྱལ་དབང་ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོས། ཡར་ཀླུང་པས་མཛད་པའི་མན་ངག་འདི་ཡི་གེ་ནག་འགྲོས་ལྟ་བུར་བཀོད་པའི་ཐོག་མ་ཡིན་འདུག་པས་དེའི་གསུང་ལས། གཞན་གྱིས་བསྐུལ་ཕྱིར་གཞན་དོན་བསམ་པས་བྲིས། །སྙིགས་དུས་ནུབ་པར་དོགས་པས་འདིར་བརྗོད་བྱ། །ཞེས་དང་།