R914: དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོའི་ཐོབ་ཡིག་རིན་ཆེན་ནོར་བུའི་ཕྲེང་བ། པོད་གཉིས་པ།

  • Pagination (Witness A): ༣༥༧ན
[A:༣༥༧ན]བཅས་པ་ཉམས་མྱོང་ཡིད་ཆེས་སུ་ལེགས་པར་ནོས་སོ། ། དེ་ཡང་ཟབ་ལམ་འདི་ལ་བརྟེན་ནས་གནས་སྐབས་ཀྱི་དངོས་གྲུབ་མ་ཟད་མཆོག་གི་དངོས་གྲུབ་ཀྱང་བདེ་བླག་ཏུ་སྒྲུབ་ནུས་པས་ན། མཁྱེན་བརྩེའི་ཞབས་ཀྱིས། ཟབ་ལས་ཆེས་ཟབ་གསང་ཆེན་སྙིང་པོའི་བཅུད། །དཀོན་ལས་ཆེད་དཀོན་ཡིད་བཞིན་རིན་ཆེན་དབང་། མཆོག་ལས་ཆེས་མཆོག་སྙན་བརྒྱུད་གདམས་པ་འདི། །ས་སྐྱའི་རྗེ་བཙུན་ཐུགས་ཀྱི་ཉིང་ཁུ་ཡིན། །འདི་འདྲ་རྩེ་གཅིག་བསྒོམས་ན་ལྟ་ཅི་སྨོས། །ཐོས་པ་ཙམ་གྱིས་སྣང་སྲིད་འཁོར་འདས་ཆོས། །ཀུན་གྱི་རང་མཚངས་རྗེན་པར་སྟོན་པའི་ཕྱིར། །ཟབ་པར་རློམ་པ་གཞན་གྱིས་དོ་ཟླ་མིན། །ཞེས་བསྔགས་བརྗོད་མཛད་པ་ནི། བླ་མ་དང་གདམས་ངག་ལ་སྔོན་མེད་པའི་མོས་གུས་གཞོན་ནུའི་དགའ་བ་ལྟ་བུས་ཐུགས་གཏིང་ནས་ཚིམས་ཤིང་ཤིན་ཏུ་རངས་པའི་གསུང་དུ་མངོན་ཞིང་། གཞན་ཡང་། དཔེ་འདི་རང་གི་བསྟན་པ་འཛིན་ངེས་ལས། །གཞན་གྱི་རྣ་བར་མིང་ཡང་མི་བསྒྲག་ཅིང། །སྙིང་ནས་དད་ཀྱང་བསྟན་པ་མི་ཟིན་ན། །ཆོས་རྒྱུན་ཤོད་ལ་དཔེ་རྒྱུན་སྦ་བར་བྱོས། །