R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡0༤
[A:༡0༤]ཐོག་ཚད་ལ་འཁོར་ཕྱོགས་སྐྱོང་དང་བཅས་པ། གཡབ་ལ་སྟག་འབྲོང་སོགས་ཀྱི་སོབ་དང། གཙུག་ལག་ཁང་མགོན་ཁང་བཅས་ཐམས་ཅད་ལ་ལོགས་བྲིས་རྒྱས་པ། ཕྱི་སྒོར་རྒྱལ་ཆེན་བཞིའི་འབུར་སྐུ་ཆེ་བ་སོགས་མཛད་པས་སྤྱིར་ལས་འཁྱོན་ཆེ་ཞིང། འགའ་ཞིག་ལ་ཡང་ཡང་བཟོ་དགོས་སོགས་ཤིན་ཏུ་འགོར་ཆེ་བས་རྗེ་འདིས་གསུང་ལས་སྡེ་སྲིད་ཀྱི་མཛད་པ་འདི་དཀར་ཕྱོགས་ཁོ་ནར་འདུག་ཀྱང་ཧ་ཅང་རང་རྒྱ་ཆེ་ཞིང་བཀོད་པ་མང་གྲགས་པས་ཅི་འདྲ་ཞིག་འོང་ངམ་ཞེས་ཡང་ཡང་གསུངས་པ་དང། འབྲུག་ལོ་སྨིན་དྲུག་ཚེས་གཉིས་ལ་ཐུབ་ཆེན་རྒྱབ་ཡོལ་རབ་གནས་དང། འགོ་ཟླའི་ཚེས་བདུན་སོགས་ནས་ཐར་ཕུར་འགྲོ་གླིང་ཐེག་གླིང་རྣམས་ཀྱི་གཙུག་ལག་ཁང་རྟེན་བཅས་ལ་རབ་གནས་རིམ་ཅན་དང། ཇོ་གདན་པར་གུར་མགོན་དང་རྣམ་སྲས་ཕུར་པ་བར་ཞལ་དང་དཀར་བདུད། ཐེག་གླིང་པར་མ་ནིང་དང་ཕྱག་བཞི་ཡུལ་འཁོར་བསྲུང། འགྲོ་གླིང་པར་ཕྱག་བཞི་བེར་ནག་ཐར་པ་བར་ཕྱག་དྲུག་ཏྲག་ཤད་རྣམས་ཀྱི་རྗེས་གནང་མཛད་ཅིང། གཙུག་ལག་ཁང་ཡོངས་རྫོགས་ཞལ་ལ་གཏད་ཆོག་མཛད་ནས་སྨིན་དྲུག་ཉེར་གསུམ་ལ་རྩེ་གདོང་དུ་ཕེབས་ཏེ། དབོན་དྲུང་ལ་ཐུགས་དམ་ཁ་གསོའི་དབང་བྱིན་རླབས་དང། ཞལ་ངོ་སོ་སོར་བཀའ་ཆོས་གདུང་བརྒྱུད་ལ་མཚན་གསོལ། མགོན་ཁང་རྣམས་སུ་གསུང་