R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༡༢
[A:༡༡༢]མཐོ་བ་དང་སྐུ་ཚིགས་ལོ་ཟླ་དུས་དྲན་གྱི་མཆོད་པར་དགོན་སྡེ་མང་པོར་མང་འགྱེད་མཛད། དངུལ་གདུང་རིན་པོ་ཆེ་རིང་བསྲེལ་རྣམ་བཞིའི་སྙིང་པོ་ཅན་རྩེ་གདོང་སྲིད་གསུམ་རྣམ་རྒྱལ་གྱི་གཙང་ཁང་མཐིལ་དུ་བཞུགས་པ་ལ་མགོ་ཟླའི་ཚེས་བཞིའི་ཉིན་ལྷག་གནས་ཀྱི་མེ་ཏོག་གཏོར་ཏེ་སྙན་དར་མཆོད་ཚོགས་རྒྱ་ཆེན་པོས་མཆོད་ཅིང་ཟླ་མཆོད་རྣལ་འབྱོར་མའི་སྒྲུབ་མཆོད་དང་བླ་མཆོད། ལོ་དུས་ཀྱི་མཆོད་པར་ཀྱཻ་རྡོར་སྒྲུབ་མཆོད་ཞག་བདུན་རྣམས་སྒྲུབ་པ་སྟེ། དེ་ཐམས་ཅད་དབོན་རིན་པོ་ཆེ་སྐུ་མཆེད་དང་ཕྱག་མཛོད་ཀུན་དགའ་ལེགས་པས་དད་གུས་ཆེན་པོའི་ངང་ནས་སྒྲུབ་པ་ཡིན་ནོ། ། དེ་ལྟར་བདག་ཉིད་ཆེན་པོ་འདིས་སྐུ་ཚེ་ཧྲིལ་པོར་འཆད་ཉན་ཁོ་ན་མཛད་པས་ཞལ་སློབ་ནོར་འཛིན་དཔལ་མོའི་རྡུལ་སྙེད་བཞུགས་པ་རྣམས་ལས། ཅུང་ཟད་ཙམ་ཞིག་སྨོས་ན། གཅུང་རིན་པོ་ཆེ་འཇིག་རྟེན་དབང་ཕྱུག་གདུང་བརྒྱུད་གསུམ་དང་བཅས་པ། ཞབས་དྲུང་སྒར་ཆེན་དང། འཇམ་མགོན་ཨ་མེས་ཞབས། ཐུབ་བསྟན་མཁན་ཆེན་བྱམས་པ་རབ་བརྟན་དང། ཆོས་འོད་ཟེར། ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། ཤར་ཆེན་ཀུན་དགའ་བཀྲ་ཤིས་དང་ཤེས་རབ་འབྱུང་གནས། མཁས་གྲུབ་དཔལ་ལྡན་དོན་གྲུབ། བྲང་ཏི་ནམ་མཁའ་སངས་རྒྱས། ཐུབ་