R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༡༤
[A:༡༡༤]འཇིག་རྟེན་རྒྱ་ཧོར། དེའི་གཅུང་འཇིག་རྟེན་རྒྱ་ཧོར་ནི་ས་སྟག་ལོ་སྐུ་འཁྲུངས་པའི་ཚེ་རྩེ་གདོང་གི་ནགས་ཤིང་རྣམས་ལ་བྱ་རིགས་མི་གཅིག་པ་དུ་མ་འདུས་ནས་སྐད་སྙན་པར་བསྒྲགས། གཞོན་ནུ་ནས་པཎ་ཆེན་ནམ་མཁའ་དཔལ་བཟང། བྱམས་པ་རབ་བརྟན། ཆོས་འོད་ཟེར། གཅེན་སྐུ་བགྲེས་པ་རྣམས་ལས་གསུང་ངག་སྨིན་གྲོལ། བདེ་མཆོག་གི་དབང། ས་སྐྱ་བཀའ་འབུམ་གྱི་ལུང་སོགས་ཆོས་དུ་མ་གསན་ཅིང། བླ་མ་དམ་པ་རྣམས་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་མཛད་དེ་ཅི་གསུང་དང་ལེན་དང། ཕྱག་དང་ལྡང་བ་ཆོས་དགུག་བསྙེན་བཀུར་སོགས་ཕལ་པས་སྒྲུབ་པར་མི་ནུས་པའི་ཞབས་ཏོག་མཛད་ཅིང། གཟིམ་ཁང་དབེན་པར་ཐུགས་དམ་ཁོ་ན་ལ་བཞུགས་པས་ཏིང་ངེ་འཛིན་དང་ཉམས་རྟོགས་ཀྱི་མཐར་སོན། རིག་གནས་ཀུན་ལ་ཐུགས་བྱང་ཆུབ་ཅིང། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་ཕྱུག་ཅིང་ཞི་དུལ་བརྟན་པའི་ཡོན་ཏན་མངའ་བས་མཚན་ཡང་ངག་དབང་འཇིག་རྟེན་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་གྲགས་ཤིང། གཞོན་ནུའི་དུས་སྐུ་མཆེད་གསུམ་གྱིས་པཎ་ཆེན་ནམ་མཁའ་དཔལ་