R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༨༩
[A:༡༨༩]རྫོགས་དང་། སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་རྗེས་གནང་མཐའ་ཡས་པར་གསན་ཞིང་། གཞན་ཡང་ངག་དབང་བསྟན་པའི་རྡོ་རྗེ་སོགས་ཁྲི་ཆེན་བསོད་ནམས་བསྟན་འཛིན་དབང་པོའི་དབུའི་ཅོད་པན་དུ་གྱུར་པ་རྣམས་ལའང་ཆོས་རྣམས་གསན་ཅིང་། ཡི་དམ་ཆོས་སྲུང་གི་ལྗགས་བསྙེན་ཁ་ཤས་མཐར་ཕྱིན། གོང་མ་ན་རིམ་གྱི་ཐུགས་དམ་རྟེན་རྡོ་རྗེ་གཞོན་ནུའི་སྐུ་གཙོར་བཞུགས་ཀྱི་གོང་མ་ལྔའི་གསེར་སྐུ་བྱིན་ཅན་རྣམས་དང་། ད་ལྟ་རིན་སྒང་ན་བཞུགས་པའི་ལམ་འབྲས་བླ་བརྒྱུད་ཀྱི་སྐུ་སྨན་འདམ་ལས་གྲུབ་པ་སོགས་རྒྱ་ཆེན་བཞེངས་པ་དང་། སྟག་ལུང་པའི་སྲས་མོ་བཀྲ་ཤིས་ཚེ་རིང་དབང་ཕྱུག་ཁབ་ཏུ་བཞེས། གཞན་ལ་དབང་ལུང་མན་ངག་འཆད་པ་དང། སྒྲུབ་མཆོད་བསྐང་བ་གཏོར་བཟློག་སོགས་གོང་མ་རྣམས་ཀྱི་ཕྱག་རྒྱུན་བཞིན་མཛད། བསྟན་གེགས་ཀྱི་ཡབ་ཡུམ་ཐུགས་མ་མཐུན་པར་ཚོ་གཉིས་སུ་བཞུགས་དགོས་བྱུང་བས་ཡབ་ཀྱི་ཕྱག་མཛོད་ཀུན་བློ་དང་སྲས་ཡུམ་གྱི་ཕྱག་མཛོད་ཀུན་དགའ་དོན་གྲུབ་ཀྱིས་བྱས་རྗེས་མི་རིང་བར་ཡུམ་བཀྲ་ཤིས་ཚེ་རིང་དབང་ཕྱུག་གཤེགས། དེ་ནས་ཀུན་བློའང་འདས་པ་བཙན་དུ་སྐྱེས་ཏེ་ད་ལྟ་བཙན་རྒོད་དུ་གྲགས་པ་བར་སྐབས་སུ་རྩེ་གདོང་པར་ཕན་ཤིན་ཏུ་ཐོགས་པ་བྱུང་། འདས་ཚབ་རྒྱལ་ཁང་བཀྲ་ཤིས་བསྟན་པ་བསྐོ་བར་མཛད་དོ། །