R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༡༩༨
[A:༡༩༨]རྒྱུགས་འབུལ་མཛད་པས་ཐུགས་ཧ་ལས། འཇམ་དབྱངས་དངོས་སུ་རང་ཕེབས་འདུག་གསུངས་ཤིང་ལེགས་འབུལ་སོགས་རྒྱ་སྤོམ་ཆེ་བར་གནང་ཞིང་། གོང་དུ་བཤད་པ་ལྟར་གཞོན་ནུ་ནས་གཅེན་དང་ལྷན་ཅིག་གོང་ས་རྡོ་རྗེ་འཆང་ལྔ་པ་ཆེན་པོར་དབུ་ཕུད་ཕུལ་ཞིང་དབུ་བླ་རྣམས་ཀྱང་ཕལ་ཆེར་གཅེན་དང་མཚུངས། མདོ་སྔགས་རིག་གནས་སྒྲ་ཚད་སོགས་གང་ལའང་ཕྱག་ཐོགས་མེད་པའི་མཁས་པ་ཆེན་པར་གྱུར། ལྐོག་གྱུར་ཐོགས་མེད་དུ་མཁྱེན་ཅིང་གྲུབ་པའི་མཚན་མ་ཡང་མང་དུ་བརྙེས། ལྷག་པར་འཇམ་དབྱངས་ཨ་ར་པ་ཙ་ནའི་ལྗགས་བསྙེན་མཛད་སྐབསརྗེ་བཙུན་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ་མངོན་སུམ་དུ་ཞལ་གཟིགས། ས་ཕྱོགས་འདིར་རང་རེའི་བསྟན་པ་འདི་ནི་མཐར་ཐུག་པ་ཡིན་པས་ད་ནི་གནས་དང་ཆོས་ལུགས་སྡེ་དགོན་བཅས་པར་ཆགས་པ་སྤོངས་ཤིག་ཞེས་སོགས་ཞལ་ལྟ་ལུང་བསྟན་གནང་ཞིང་། ཁྱོད་སྐྱེ་བར་ཕྱི་མར་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་མཐོང་སྟེ་རྗེས་སུ་འཛིན་པར་གྱུར་རོ། །ཞེས་དབུགས་དབྱུང་ཐོབ་པ་དང། གཏེར་སྟོན་བདུད་འདུལ་གླིང་པ་རྡོ་རྗེ་གྲོ་ལོད་རྩལ་གྱི་ལུང་བྱང་ལས། གཡུ་སྒྲ་སྙིང་པོའི་སྐྱེ་བ་བཅུ་གསུམ་པ། །ནོར་བུའི་མི་ཅན་དེ་ལ་གཏད་རྒྱ་གྱིས། །ཞེས་གཡུ་སྒྲའི་རྣམ་སྤྲུལ་དུ་གསུངས་ཤིང་། སྙེ་མོ་བྱ་སྒོ་བའི་སྲས་མོ་ཚེ་རིང་བུ་ཁྲིད་ཁབ་ཏུ་བཞེས།