[A:༢༢༡]པར་བྱོན་ཞིང་འབྱོན་པར་འགྱུར་བའི་ཚུལ་གསུང་བ་ལ། མདོར་བསྟན་རྒྱས་བཤད་མཛད་པ་དེར། སྔགས་འཆང་ཀུན་དགའ་རིན་ཆེན་ཀྱི་བཙུན་མོ་གདོང་དགའ་མ་སྐུ་མཆེད་ལ་འཇམ་དབྱངས་སྐུ་མཆེད་འཁྲུངས་པ་ནས་བཟུང་། འཇམ་མགོན་ཨ་མེས་ཞབས་ཉིད་ཀྱི་བར་གསུང་རྩོམ་མཛད་གྲུབ་པ་ལས། འཇམ་དབྱངས་སྐུ་མཆེད་ལ་རྣམ་ཐར་བསྡུས་པ་ལས་མ་གསུངས་པས། དེས་ན་འདིར་སྒར་ཆེན་རིན་པོ་ཆེ་ནས་བཟུང་ཁོ་བོ་ཅག་རིགས་ཀྱི་མྱུ་གུའི་བར་དུ་འཕེལ་བའི་རྣམ་ཐར་དང་ལོ་རྒྱུས་རྣམས་ཁ་སྐོང་དུ་བྲིས་ཏེ། སླར་ཡང་སྲིད་པ་ཇི་སྲིིད་བར་རྗེ་བཙུན་ས་སྐྱ་པའི་གདུང་རབས་རིན་པོ་ཆེ་འབྱོན་པར་འགྱུར་བའི་རྟེན་འབྲེལ་དུ་མ་འོངས་པའི་ཁ་སྐོང་རྣམས་ཀྱང་དེ་དང་དེ་དུས་སུ་སོ་སོའི་གསུང་རྩོམ་གནང་བདེ་བར་འདྲི་བ་ལ། ཚིགས་བཅད་ཀྱི་སྒོ་ནས་མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ལས།
དང་པོ་ནི། ངེད་རང་གིས་བརྩམས་པའི་ས་སྐྱ་སྐོར་དཔོན་པར་ཉེ་བར་མཁོ་བའི་ཡི་གེ་འགྲོ་དོན་བཟང་པོ་ལས། སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་བཙུན་མོ་བཞེས་ཚུལ་གྱི་མུར། བཙུན་མོ་གཉིས་པ་སླར་ཡང་གདོང་དགའ་མ། །བཀྲ་ཤིས་དཔལ་གྱི་བུ་ཁྲིད་ཞེས་བྱའི་སྲས། །འཛམ་གླིང་རྒྱན་མཆོག་གྲགས་པའི་