[A:༢༢༣]བསྟན་པ་རིན་པོ་ཆེར། །ལྷག་བསམ་རབ་དཀར་གདུང་རབས་བཟུང་བ་ལས། །ད་ལྟའི་གདུང་བརྒྱུད་སྐུ་མཆེད་རྣམ་གཉིས་བྱོན། །དེ་ནས་རྒྱལ་དང་རྒྱལ་སྲས་ཐུགས་རྗེ་དང་། །གདུལ་བྱའི་བསོད་ནམས་དད་གུས་འཛོམས་པ་ལས། །དེང་ནས་བཟུང་སྟེ་འཁོར་བ་ཇི་སྲིད་བར། །འཆི་མེད་འཁོན་རིགས་རྗེ་བཙུན་ས་སྐྱ་པའི། །གདུང་རབས་གངྒའི་རྡུལ་སྙེད་བྱོན་གྱུར་ནས། །སྐུ་ཚེ་མཛད་ཕྲིན་བཞེད་དགོངས་མཐར་ཕྱིན་པའི། །བསྟན་འགྲོའི་དཔལ་མགོན་རིམ་པར་འབྱོན་གྱུར་ཅིག།།ཅེས་སོ། །
༄༅མཐུ་སྟོབས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ།
གཉིས་པ་དེེའི་དོན་རྒྱས་པར་བཤད་པ་ལ། དཔལ་ས་སྐྱ་པ་ཆེན་པོ་སྒར་ཆེན་མཐུ་སྟོབས་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ནི་གང་གི་དཔལ་གྱི་མགུལ་ནས་བྱོན་པའི་ལམ་གླུ་ངོ་མཚར་ཕུན་ཚོགས་མ་ལས་བསྡུས་ཏེ་ཁ་སྐོང་ཅུང་ཟད་དང་བཅས་འདྲི་བ་ལ། དེ་ཡང་སྔོན་བྱུང་སྐྱེས་རབས་ཀྱི་ཕྲེང་བ་ཆེ་བ་དང་། སྐུ་ཚེ་འདི་ཉིད་ཀྱི་རྣམ་པར་ཐར་པ་མདོར་བསྡུས་ཏེ་བསྟན་པའོ། །