[A:༢༢༤]
དང་པོ་ནི། འཇིག་རྟེན་ན་མཆོག་གི་སྤྲུལ་པའི་སྐུ་གཅིག་གིས་མཛད་པ་བཅུ་གཉིས་བསྟན་པའི་ཚེ། སྟོན་པ་ཉིད་འཁོར་དང་སྡུད་པོའི་ཚུལ་སྣང་བ་སོགས་ལུང་ཁུངས་བཅས་རྒྱ་ཆེར་སྤྲོ་རུ་མཆིས་ཀྱང་སྤྲོས་པ་བསྐྱུངས་ཏེ་དགོས་དོན་སྙིང་པོར་དྲིལ་བ། ཉེ་སྲས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཉན་ཐོས་ཀྱི་ཚུལ་བཟུང་བ་འཕགས་པ་ཀུན་དགའ་བོ་ནས་བཟུང་སྟེ་སྔགས་འཆང་ཆེན་པོའི་བར་ནི་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་ཞིང་། རྗེ་འདི་ཉིད་ཀྱི་ལམ་གླུ་ལས་ཀྱང་། ཚ་བའི་རོང་དུ་བཻ་རོ་ཙ་ནར་གྲགས། །རྩོད་པའི་དུས་སུ་སྔགས་འཆང་དག་དབང་མཚན། །ཞེས་དང་། གཟིམས་སྤྱིལ་དཀར་པོར་གྲགས་པ་རྒྱལ་མཚན་སྐབས། །ཕུག་ཆེན་བཞི་སོགས་རི་བྲག་སྒྲུབ་གནས་བཅས། །ཞེས་དང་། ཡབ་ཆོས་ཀྱི་རྒྱལ་པོ་སྔགས་འཆང་རྗེ། །བོ་དྷི་ས་ཏྭའི་རྣམ་འཕྲུལ་གྲགས་པའི་མཚན། །མནལ་ལམ་ཉམས་སྣང་དག་ཏུ་འདི་ལྟར་གཟིགས། །སྔགས་འཆང་ཆེན་པའི་སྐུ་གདུང་ཞབས་དྲུང་ནས། །འོད་ཟེར་ཁ་དོག་ལྔ་ལྡན་ཕྲིལ་ལེ་བ། །འཕྲོས་ནས་ཡུམ་ཆེན་བསོད་ནམས་རྒྱལ་མོ་ཡི། །སྐུ་ལུས་ཉིད་ལ་ཐིམ་པའི་རྟགས་མཚན་གཟིགས། །ཞེས་གསུངས་པ་ལྟར་སྔགས་འཆང་ཆེན་པོ་དེ་ཉིད་བསྟན་འགྲོ་སྤྱི་དང་བྱེ་བྲག་གི་ཕན་བདེ་སྤེལ་བའི་ཆེད་དུ་སླར་ཡང་རིགས་སྲས་གྲགས་པ་བློ་གྲོས་ཉིད་ཀྱི་སྲས་སུ་བསམ་བཞིན་