[A:༢༢༥]འཁྲུངས་པ་ནི་འཕགས་ཡུལ་གྲུབ་དབང་རྣམས་ཀྱིས་བརྟུལ་ཞུགས་སྤྱོད་པའི་ཡ་གྱལ་དུ་གྱུར་པའི་གྲུབ་པའི་ཁྱུ་མཆོག་རྗེ་བཙུན་མཐུ་སྟོབས་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་འདི་ཉིད་ཡིན་པར་ཡང་ཡང་ཞལ་གྱིས་བཞེས་པའོ། །
གཉིས་པ་སྐུ་ཚེ་འདི་ཉིད་ཀྱི་རྣམ་ཐར་མདོར་བསྡུས་ཏེ་བསྟན་པ་ནི། ཡབ་རྗེ་དགུང་ལོ་ཉེར་དྲུག་ཏུ་སོན་པ་ས་ཕོ་བྱི་བའི་ལོ་རྒྱལ་ཡུམ་ལྷ་སྲས་བསོད་ནམས་རྒྱལ་མོ་ལ་ཟག་མེད་ཀྱི་བདེ་བ་རྒྱས་ཤིང་ཉམས་སྣང་སྤྲོ་བཞིན་པའི་ངང་ནས་ངོ་མཚར་བའི་ལྟས་དང་བཅས་འཁྲུངས་ཤིང་། སྐུའི་གེགས་སེལ་དང་འཁྲུངས་སྟོན་གྱི་ཚུལ་དུ་འདུས་སྡེ་རྣམས་སུ་མང་སྐོལ་སོགས་ལེགས་པར་བསྒྲུབས། །དགུང་ལོ་ལྔ་པར་ཡིག་ཀློག་བསླབ་ཚུལཞུས་པར་ཚགས་མེད་དང་། སྒྲོལ་མའི་མཚན་བརྒྱ་མ་བསླབ་པར་ཞལ་འདོན་གནང་། དགུང་ལོ་བརྒྱད་པར་ཡབ་ཆོས་ཕུར་པའི་འཆམ་རོལ་ཕྱག་ལེན་སོགས་ཕུལ་བས་བདེ་བླག་ཏུ་མཁྱེན། དགུང་ལོ་བཅུ་གསུམ་པ་ལ་འཇམ་མགོན་རིམ་བྱོན་གྱི་ཆོས་ཁྲི་སྐྱེ་དགུའི་འདུད་གནས་ཆེན་པོར་མངའ་གསོལ། ཕྱོགས་ཀྱི་མཁས་བཙུན་ཆེ་གཉེན་དམ་པ་ཕལ་བཅས་ནས་ཁྲི་སྟོན་མངའ་དབུལ་ཐོག་ཐེག་ཆེན་ལམ་གྱི་གཞུང་ཤིང་ཐུབ་པའི་དགོངས་པ་གསལ་བར་བྱེད་པའི་ཚོགས་ཆོས་ཉིན་གསུམ་གནང་། མགོ་ཟླ་ཉི་མ་ཐུང་ཚད་ཡིན་ཀྱང་། ཀུན་ལ་དབྱར་ཉི་