[A:༢༢༩]དྲག་གང་མཛད་ཀྱང་བར་གཅོད་མེད་པའི་ཁག་ཐེག་སོགས་འབྱུང་འགྱུར་ལུང་བསྟན་ཤིན་ཏུ་མང་པོ་སྩལ་ཞིང་ཐུགས་འཕྲེང་བ་ལྟར་མཛད། རིམ་གྱིས་དབུས་གཙང་གི་ལམ་བར་བླ་དཔོན་དགོན་སྡེ་མཐའ་དག་ལ་རང་སྐལ་བཞིན་གྱི་ཆོས་སྦྱིན་སྩལ་བ་དང་བསྙེན་བཀུར་འབུལ་བ་བསམ་གྱིས་མི་ཁྱབ་པས་མདུན་བསུ་བཞིན་པར་ཁྲ་འབྲུག་ལྷ་ཁང་མཇལ་དུ་བྱོན་སྐབས་ཚངས་པ་ལྷའི་ཐོར་ཚུགས་དངོས་སུ་ཕེབས་ནས་བྱང་ཕྱོགས་སོགས་ཀྱི་ལུང་བསྟན་རྒྱ་ཆེན་དང་མཇལ་དར་བཅས་གུས་པས་བཏུད། བསམ་ཡས་སུ་ཕེབས་སྐབས་སྤྲུལ་པའི་ཆོས་སྐྱོང་ཆེན་པོས་བརྒྱུད་པ་འོད་ཟེར་ཅན་དུ་མཚན་གསོལ་བ་སོགས་གུས་འདུད་ལྷུར་བླངས། དེ་ནས་རིམ་པར་བརྒྱུད་དེ་ལམ་བར་ཧོར་གྱི་སྡེ་ནང་ནས་རྟ་དྲེལ་ལ་རྐུན་པོ་བྱུང་བར། ཆོས་སྲུང་ལ་རྦད་བསྐུལ་གནང་བས་པུ་ཏྲ་ལྕམ་སྲིང་གི་གྲས་སྲིང་མོ་དངོས་སུ་བྱོན་ཏེ་བསྟན་དགྲ་དེའི་རྒྱུ་མ་ཁྱེར་ནས་ཕུལ་བ་དང་། སྤུ་དོགས་གཞུང་གྲང་ངར་ཆེ་ཚད་ལ་དགུན་སྒང་དེར་ཡར་མར་ལྟང་འཇུ་བའི་དྲོད་བྱུང་བ་སོགས་ཡ་མཚན་དུ་མ་ད་བཅས་འདམ་ཐོག་ཏུ་ཆག་ཕེབས། དེར་ཡང་ལྗགས་བསྙེན་ཁ་གསོས་བཅས་ཆོས་སྲུང་གི་དུས་གཏོར་མཛད་པས་དགེ་ལྟས་ཕུན་སུམ་ཚོགས་པ་བྱུང་། དེ་ནས་བྱང་ཕྱོགས་གསེར་ཁ་ན་ས་པཎ་གྱི་ལུང་བསྟན་པའི་བསྐལ་བཟང་དགོན་དུ་ཕེབས་སྐབས། རྒ་ཨ་གཉན་