R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༣༣
[A:༢༣༣]བཅོམ་བདུད་སྡེ་ཀུན་ལས་རྒྱལ། །སླར་ཡང་མཇལ་ཤིང་སྐལ་ལྡན་རེ་བ་སྐོང་། །དམ་ཆོས་སྒྲོག་ཅིང་གྲགས་པས་ས་ཀུན་ཁྱབ། །བསམ་དོན་སྒྲུབ་ཅིང་བར་ཆད་ཁོ་མོས་སེལ། །ཞེས་སོགས་ཀྱི་ལུང་བསྟན་དང་དམ་བཅའ་ཕུལ་ལོ། ། དེ་ནས་ཡང་ནམ་མཁའ་རྒྱལ་པོའི་རིམ་གྲོར་ཕུར་བཟློག་གནང་བ་སོགས་གདུལ་བྱ་ཀུན་གྱི་རེ་བསྐངས་ནས་སླར་ཡང་ཡར་འབྱོན་རྒྱུར་དགོངས་པ་གཏད་ཏེ་ལི་ཐང་བརྒྱུད་ནས་ཕེབས་ལམ་རྣམས་སུ་གྲུབ་མཐའ་གཅིག་མིན་སོགས་སྐྱེ་དགུ་མཐའ་དག་གིས་ཞབས་འདེགས་རྒྱ་ཆེན་ལ་རང་སྐལ་བཞིན་གྱི་ཆོས་འབྲེལ་སྩོལ་བཞིན་པས་འདམ་ཐོག་ཆོས་སྡེར་ཕྱག་ཕེབས། བདག་ཆེན་ཞབས་དྲུང་དང་མཇལ་འཕྲད་ཐུགས་སྣང་གཤིན་པའི་བཀའ་བགྲོས་དང་བཅས་སྤྲོ་བཞིན་པ་ནས་དབུས་ལྗོངས་སུ་ཆིབས་བསྒྱུར་བརྩམས་པའི་ལམ་བར་རྣམས་སུ་དེ་སྐབས་རྫ་ཆུ་ལ་ཀོ་བ་གཏོང་དགོས་སྐབས་ལ་རྗེ་ཉིད་ཕེབས་གདོང་ཆུ་རབ་བདེ་མོར་བགྲོད་ཐུབ་པ་དང་། སྐབས་ཤིག་ལམ་ནོར་ཨེན་བྱུང་བ་བྱ་རོག་གཉིས་ཀྱིས་ལམ་སྣ་བསྟན་པ་དང་། མནལ་ལམ་དུ་ལུང་བསྟན་བྱུང་བ་བཞིན། སློབ་དཔོན་ཆེན་པོའི་ཕྱག་རྗེས་ཞིག་ཀྱང་འདོན་པར་མཛད་པ་ད་ལྟ་དཔལ་ས་སྐྱའི་བསྟན་སྒམ་ན་བཞུགས་པ་སོགས་ཐུན་མོང་མ་ཡིན་པའི་མཛད་པ་བློའི་ར་བ་ལས་བརྒལ་བཞིན་པས་ལྷ་སར་