[A:༢༣༤]ཕེབས་ནས་ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཇལ་མཆོད་མཛད།
དེ་ཡན་གྱིལམ་དུ་ཡང་ལྷ་སྡེ། མི་སྡེ་ཀུན་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད་པ་དང་། གཞིས་ཀ་ཕྲེང་པོ་ཟུར་བུས་སྡེ་པ་ངོས་མ་བསད་པའི་གཤིན་པོའི་གནས་འདྲེན་དང་། གསོན་པའི་སྲོག་བསླུ་མཛད་པ་སོགས་ཐུགས་རྗེ་དང་། ཕྲིན་ལས་ཚད་མེད་པའི་ངང་ནས་རིམ་གྱིས་ཕེབས་པའིི་གདན་ས་ནས་སེར་ཕྲེང་མགོན་འཆམས་སོགས་གཟབ་སྤྲོས་དང་བཅས་པས་བསུས་ཏེ། དགུང་ལོ་ཉེར་ལྔ་ཆུ་བྱིའི་སྟེང་ལ་གཞིར་བཞུགས་ཞལ་ངོ་རིན་པོ་ཆེ་རྣམས་དང་ཕན་ཚུན་ཐུགས་སྤྲོ་བའི་ངང་ནས་མཇལ་ཏེ་ཁྱད་ནོར་ཐམས་ཅད་ཡབ་རྗེ་རྡོ་རྗེ་འཆང་གི་ཞབས་དྲུང་དུ་ཕུལ། ལྷ་དང་སྲུང་མ་རྣམས་ལ་གཏང་རག་མཆོད་སྤྲིན་རྒྱས་པ་དང་། ཆོས་སྡེར་ཡང་མང་སྐོལ་འགྱེད་བཅས་རྒྱ་ཆེར་སྩལ་ཏེ། དགྱེས་བཞིན་པས་བཞུགས་ཐོག་དགུང་ལོ་ཉེར་དྲུག་གི་སྐབས་ཤིག་མངའ་རིས་གོང་མ་ཆེན་པོ་ཁྲི་སྡེ་བསོད་ནམས་དབང་ཕྱུག་ནས་གདན་འདྲེན་ནན་ཞུ་བྱུང་བར། ཞལ་ངོ་ཐམས་ཅད་ཐུགས་གྲོས་བསྟུན་པའི་སྒོ་ནས་འབྱོན་པ་ཤར་ཏེ། རྫོང་ཁར་ཕྱག་ཕེབས་ཐོག གོང་མ་ཆོས་རྒྱལ་ཆེན་པོ་ཕེབས་བསུར་འབྱོར་བ་ནས་བཟུང་ཕོ་བྲང་ཁྱུང་རྫོང་དཀར་པོར་ཟླ་གཅིག་ཙམ་བཞུགས་ཏེ་རྡོ་རྗེ་ཕུར་པའི་གཏོར་བཟློག་དང་མགོན་པོ་དྲུག་ཅུ་པའི་གཏོར་བཟློག་སོགས་གནང་བ་གནད་