R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༣༥
[A:༢༣༥]སྨིིན་གྱི་མཚན་མ་ཡ་མཚན་པས་དད་འབུལ་རྒྱ་ཆེན་པོ་དང་བཅས་ཆོས་རྒྱལ་ཉིད་ཀྱིས་སྐྱེལ་ཐུང་མཛད་ནས་གདན་སར་ཕེབས་ཏེ་རྣམ་དཀར་གྱི་ཕྲིན་ལས་རྒྱ་ཆེར་སྐྱོང་མུར། སླར་ཡང་བདག་ཆེན་ཀུན་དགའ་ལེགས་པའི་དགོངས་པ་རྗོགས་ཕྱིར་དགུང་ལོ་ཉེར་བདུན་ཤིང་སྟག་ལོར་མདོ་ཁམས་སུ་འབྱོན་པའི་དགོངས་པ་གཏད་ནས་ཆོས་སྲུང་ལ་ལམ་གཏོར་དང་། ཞལ་ངོ་རྣམས་ལ་བཀའ་བགྲོས་ཐུགས་སྨོན་མཛད། སྐུ་མཆེད་གཉིས་པོས་ཀྱང་གླང་དཀར་བར་ཐུགས་འཕྲེང་བའི་སྐྱེལ་ཐུང་མཛད་ཅིང་ཕྱིར་ལམ་ངོར་དུ་ཕེབས། དེ་ནས་ཀྱང་བསམ་གྲུབ་རྩེར་སྡེ་སྲིད་ཀྱི་སྐུ་རིམ་དྲུག་ཅུ་པའི་གཏོར་བཟློག་གནང་། ཁྲོམ་ལ་ཚེ་དབང་མཛད། རིམ་གྱིས་ཕེབས་ཏེ་དཔལ་འབྱོར་རབ་བརྟན་དུ་རེ་ཞིག་བཞུགས། དབྱངས་ཅན་བསོད་ནམས་རྒྱལ་མོར་ཕུར་པའི་དབང་བཀའ་གནང་། བསྟན་པ་སྤྱི་སྒེར་གྱི་རིམ་གྲོར་ཕུར་བཟློག་མཛད། མངོན་སྤྱོད་ཀྱི་རྟགས་མཚན་མཐུན་གྲུབ་ཏུ་བྱུང་། ཡར་རྒྱབ་ཆུ་འཕྲང་ལ་བགེགས་བསྐྲོད་མཛད་པས་ཆུ་ཆེན་རྒྱང་དུ་བྲོས་པ་དང་། མཆིམས་ཕུར་ཞབས་རྗེས་སྩལ་ཞིང་། ཉི་མ་བཟུང་བ་ཐམས་ཅད་མཐུན་སྣང་དུ་བྱུང་། རིམ་གྱིས་འཕན་ཡུལ་བརྒྱུད་དུར་ཁྲོད་ཀླུ་མོ་རྒྱལ་གྱི་བམ་གདན་རྡོ་ལེབ་ཀྱི་སྟེང་དུ་ཨོ་རྒྱན་རིན་པོ་ཆེ་དཔའ་བོ་མཁའ་འགྲོ་ཆོས་སྲུང་བཅས་ལ་མཆོད་གཏོར་