[A:༢༣༩]དགེ་སྒྲུབ་དབང་ཀུན་དགའ་རྒྱ་མཚོ་དཔོན་གཡོག་གིས་དད་གུས་ཚད་མེད་པའི་ཞབས་འདེགས་རྒྱ་ཆེར་ཞུས། དེ་ནས་ཏྲེ་བོའི་ས་ཆ་རོང་པ་ཚར་ཕྱག་ཕེབས། བྲག་སྡོད་གངས་རི་དཀར་པོ་ཞེས་པའི་གཞི་བདག་ཆེ་གཉན་དེ་ཡིས་ཞབས་ལ་བཏུད་དེ་ཕྲིན་ལས་བསྒྲུབ་པར་དམ་བཅའ་ཕུལ། ཁྲམ་པ་གཉིས་ཀྱིས་སྒར་མཛོ་གཉིས་བརྐུས་ཏེ་བཤས་པའི་ཁོང་ནས་སྦལ་སྦྲུལ་མང་པོ་ཐོན་པ་དང་། མགོན་རྟ་ལ་ཕོ་རོག་གིས་ཞོན་ནས་ཁྲམ་པའི་སྒོ་དྲུང་དུ་དངོས་སུ་ཆས་པ་སོགས་ཆོ་འཕྲུལ་དྲག་པོ་དུ་མས་སྣ་དྲངས་ཏེ་ཁྲམ་པ་གཉིས་ཀྱི་ཁྱིམ་ལ་མེ་འབར་བས་ཐལ་བར་བརླག དེ་ནས་ཡང་རིམ་པར་ཕེབས་པའི་ལམ་བར་ཧོར་པ་དང་ལྕགས་མདུད་ལོ་སྟར་གྱི་འཁྲུག་པ་ཤོར་བས་སྲོག་ཆགས་དུ་མ་འཆི་བ་ལ་ཐུགས་རྗེ་ཆེན་པོས་བཟླུམ་པར་མཛད། ཨ་གཉན་པཀ་ཤིས་བཞེངས་པའི་ཀྲེའི་རྡེའུ་མགོན་ཁང་དུ་རང་ལུགས་ཀྱི་སྲུང་མ་དངོས་སུ་བཞུགས་པར་རྟེན་གཏོར་དང་ཧོར་ལྕགས་བཟླུམ་པའི་ཕྲིན་བཅོལ་གནང་སྐབས་རྟགས་མཚན་ངོ་མཚར་བས་ཐམས་ཅད་ཡིད་ཆེས་བཀའ་ཉན་པ་བྱུང་། འདི་སྐབས་རྡོ་རྗེ་ནག་པོ་ཆེན་པོས་དངོས་སུ་འདི་ལྟར། ང་ནི་འབྲལ་བ་མེད་དོ་འདི་ལྟར་སོམས། སངས་རྒྱས་བསྟན་པ་བསྲུང་ཞིང་དམ་ལྡན་སྐྱོངས། །དུས་ཀྱི་མཆོད་གཏོར་དག་ལ་བརྩོན་པར་བྱོས། །བར་དུ་གཅོད་པ་ཐམས་ཅད་ང་ཡིས་སེལ། །