[A:༢༨༣]འདྲེས་མེད་ལྡབ་ཕར་ལུགས་ཀྱིས་དགོངས་རྫོགས་རྒྱ་ཆེར་མཛད། དགོངས་རྫོགས་དངོས་གཞིའི་ཉིན་འཇམ་མགོན་ཨ་མེས་ཞབས་ཁྲི་ཐོག་ཏུ་ཕེབས་ནས་གསུང་བསྔོ་སོགས་ཟིན་གྱི་བར་ནམ་མཁའ་འཇའ་འོད་ཀྱིས་ཁྱབ་པ་སོགས་ཡ་མཚན་པའི་ལྟས་རྒྱུན་ཆགས་སུ་བྱུང་།
གཞན་ཡང་གདན་ས་དང་གོང་དཀར་བཅས་ལ་ཟླ་དུས་ཀྱི་མཆོད་པ་རྒྱུན་འཛུགས་མཛད། དེ་མཚམས་དཔལ་རབ་ཏུ་སྐུ་གདུང་ཞུགས་འབུལ་གྲུབ་ནས་གདུང་རུས་ཕལ་ཆེར་གདན་སར་གདན་དྲངས་པར། འཇམ་མགོན་ཨ་མེས་ཞབས་ཉིད་ཀྱིས་ཕྱག་ཚ་གནང་སྟེ་གསེར་ཟངས་ལས་གྲུབ་དབང་དེ་ཉིད་ཀྱི་སྐུ་འདྲ་སྐུ་ཚད་གཅིག་དང་། དངུལ་གདུང་ཕལ་ཐོག་ཕྱེད་གཉིས་ཡོད་པ་བཞེངས་པར་མཛད་དེ་ནང་རྟེན་གྱི་གྲས་སུ་བཞུགས་སུ་གསོལ།
མེ་གླང་སྣྲོན་ཟླའི་གཟའ་ཚེས་དགེ་བར་འཇམ་མགོན་ཨ་མེས་ཞབས་ཉིད་རྡོ་རྗེ་འཛིན་པ་ཤ་སྟག་གི་འཁོར་དང་བཅས་པས་དགྱེས་པ་རྡོ་རྗེ་ལ་བརྟེན་པའི་རབ་གནས་རྒྱས་པར་མཛད་དེ་སྐུ་ཚབ་དབུ་རྩེ་དང་། དངུལ་གདུང་བཞི་ཐོག་རིག་འཛིན་ལྷ་ཁང་དུ་བཞུགས་པ་འདི་ཉིད་དོ། །དཔལ་རབ་ཏུ་རྟེན་རྙིང་གྲས་ནས་གྲུབ་མཆོག་ཉིད་ལ་ཡབ་རྗེས་གནང་བའི་མགོན་སྐུ་ཤེལ་སྤྱན་མ་འཇམ་མགོན་ཨ་མེས་ཞབས་ཀྱི་གཟིམ་ཆུང་རྟེན་གྲས་སུ་བཞུགས་པ་