[A:༢༨༤]འདི་དང་། མགོན་བརྒྱུད་ཀྱི་བྲིས་ཐང་གྲས། འཇམ་མགོན་ཨ་མེས་ཞབས་ནས་འབུལ་བར་མཛད་པའི་ལམ་ཟབ་བླ་བརྒྱུད་ས་ལོ་ཆེན་པོའི་ཕྱག་ནས་ཅན། འཇམ་མགོན་བསོད་ནམས་དབང་པོའི་ཐུགས་དམ་རྟེན་གྲས་མགོན་ཐང་ལྔ་ཚར། དེ་ཉིད་ཀྱི་ཕྱག་སྦུག་ཚངས་དབྱངས་བདེ་ཆེན་ཆོས་འཁོར་གྲུབ་དབང་ཉིད་ཀྱི་ཕྱག་སྦུག་བཀའ་བརྒྱད་མ་སོགས་རོལ་མོ་དྲག་གྲས་ལྔ་ཙམ། ཕྱག་དྲིལ་དྲིལ་སྨྱོན་དུ་གྲགས་པ་སོགས་ཕྱིར་འཁྱར་མི་འོས་པ་ཁ་ཤས་གཟིམ་དཔོན་རབ་བརྟན་དང་། དཔོན་ས་ཚེ་བརྟན་བུ་ཁྲིད་གཉིས་ཀྱིས་དོ་དམ་བྱས་ནས་སླར་གདན་ས་འདི་ཉིད་དུ་ཕུལ་བ་ཡིན་ནོ། །
གཞན་ཡང་སྐུ་ཚེ་འདི་ཉིད་ཀྱི་མཛད་པ་ཐ་མའི་བར་དུ་མངའ་རིས་གཙང་དབུས་ལྷོ་མོན་ཁམས་ཀོང་རྒྱ་སོག་ཡུལ་གྲུ་མཐའ་དག་པ་རྣམས་སུ། ཆོས་སྲིད་སྟོབས་འབྱོར་གྱིས་ཆེ་གཉེན་དུ་གྱུར་པའི་བླ་དཔོན་རིགས་དང་དམངས་ཕལ་བཅས་སྐལ་ལྡན་གྲགས་མེད་པ་སྨིན་གྲོལ་ལ་བཀོད་པ་དང་། མཆོད་སྦྱིན་གྱི་ཡུལ་རིས་སུ་མེད་པ་ལ་ཟང་ཟིང་གི་དངོས་པོ་ལྷུག་པར་རྩོལ་བ་དང་། ཆེ་གཉན་ང་རྒྱལ་གྱིས་དྲེགས་པའི་སེམས་བརྒྱུད་ཞེ་སྡང་གིས་ཀུན་ནས་དཀྲུགས་པས་སྐྱེ་འགྲོ་ཕལ་མོ་ཆེའི་ལུས་སྲོག་ལོངས་སྤྱོད་བརླག་པར་བྱེད་པའི་སྡེ་རིས་ཕན་ཚུན་འཁྲུག་ལོངས་དུ་མ་བདེ་འཇགས་སུ་མཛད་པའི་ཆོས་དང་ཟང་ཟིང་མི་འཇིགས་སྐྱབས་ཀྱི་སྦྱིན་པ་བརྗོད་