[A:༢༨༥]ཀྱིས་མི་ལང་བ་སྩལ་བ་དང་། ས་ཕྱོགས་གར་ཡང་དབང་བཀའ་དཀྱིལ་ཆོག་གཏོར་མདོས་སོགས་གང་བཙུགས་ཀྱང་བསྟན་པའི་མིག་རྒྱན་དུ་འགྱུར་ངེས་ཀྱི་ཐིག་ཚོན་བཅའ་བཟོ་དབྱངས་རོལ་སྐུ་འཆམ་སོགས་གདན་ས་དང་ཁྱད་མེད་པའི་ཕྱག་ལེན་རྣམ་དག་རྒྱས་སྤྲོས་ཁོ་ན་མ་གཏོགས་སླ་ཆོས་དང་ཁུངས་མེད་རྟོགས་བཟོ་སོགས་གཏན་ནས་མི་མཛད་པ་དང་། མཐའ་འཁོབ་གདུལ་དཀའི་འགྲོ་བ་རྣམས་ཀྱིས་ཀྱང་གང་གི་ཞལ་མཐོང་གསུང་ཐོས་ཙམ་གྱིས་རྣམ་པར་་ཐར་པ་ངོ་མཚར་བ་དང་ཐུགས་རྗེ་ཆེན་པོའི་རྒྱུད་བསྐུལ་ཏེ་རྩེ་གཙིག་ཏུ་གུས་པ་ལྟ་བུར་བྱེད་པས་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་མཐར་རྒྱས་པའི་གཞིར་གྱུར་པ་དང་། བཀའ་དབང་ཁྲིད་ལུང་སོགས་གང་གི་སྐབས་ཀྱང་མེ་ཏོག་གི་ཆར་དང་འཇའ་འོད་ཀྱི་གུར་ནི་ཕལ་ཆེ་བར་འབྱུང་ཞིང་། དྲག་གཏོར་ཟོར་མདོས་སོགས་ཀྱི་སྐབས་སུའང་མངོན་སྤྱོད་ཀྱི་ཐེབས་རྟགས་མངོན་གྱུར་མཐུན་གྲུབ་ཤ་སྟག་ཡོང་ཞིང་། གདུལ་བྱ་ཡུལ་དམན་པ་གང་གིས་ཀྱང་དད་པས་གསོལ་་བ་བཏབ་ཕྱིན་བྱམས་དང་སྙིང་རྗེ་ཚད་མེད་པས་རྗེས་འཛིན་རྐྱེན་སེལ་གང་འདོད་བཞིན་ཤར་མར་གནང་བ་སོགས་འཕགས་པ་མཆོག་གི་རྣམ་ཐར་སོ་སྐྱེའི་བློ་ཡུལ་ལས་འདས་པ་དག་ད་ལྟ་ཐུན་མོང་ཕྱིིའི་རྣམ་ཐར་མདོར་བསྡུས་ཕྱོགས་མཚོན་ཙམ་རྗེ་ཉིད་ཀྱི་གསུང་ལ་སྒྲོ་སྐུར་དབྲི་བསྣན་མེད་པར་བརྗོད་པ་སྟེ།