[A:༢༨༩]༄༅ངག་དབང་ཀུན་དགའ་བསོད་ནམས།
སྐུའི་མཆེད་ཟླ་གསུམ་པ་བསྟན་འགྲོ་སྤྱི་དང་བྱེ་བྲག་ལ་ཕན་དང་བདེ་བའི་འཕྲིན་ལས་ཀྱི་རྒྱུན་རླབས་པོ་ཆེ་སྤེལ་བའི་སྐུ་དྲིན་ཅན་མཁས་དང་གྲུབ་པའི་དབང་ཕྱུག་འཇམ་པའི་དབྱངས་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཚན་སྙན་ལྷའི་རྔ་གསང་སྲིད་པའི་ཁོངས་སུ་ལྡིར་བ་དེ་ཉིད་ནི། སྤྱིར་གྱི་རིགས་དང་ཆོས་ཀྱི་ཆེ་བས་མངོན་པར་མཐོ་བའི་གདུང་རབས་རིན་པོ་ཆེ་འདི་ཉིད་དུ་གང་དག་བྱོན་པ་ཐམས་ཅད་སྟོན་མཆོག་ཉིད་དམ་དེ་སྲས་འཕགས་ཆེན་དམ་པའི་སར་གནས་ཉག་གཅིག་མ་གཏོགས་ཐ་མལ་རང་རྒྱུད་པ་འབྱུང་བའི་གོ་སྐབས་ནམ་ཡང་མེད་པ་ནི་གཟུར་གནས་ཡོངས་ཀྱི་ཡིད་ངོར་གསལ་བ་བཞིན་ལ། ཁྱད་པར་རྗེ་འདི་ཉིད་ནི། ཀོང་པོ་གཏེར་སྟོན་རིག་འཛིན་ཧཱུཾ་ནག་མེ་འབར་རམ་འཇའ་ཚོན་སྙིང་པོའི་གཏེར་བྱོན། ཐུགས་རྗེ་ཆེན་པོ་ངན་སོང་རང་གྲོལ་ལས༔ སྣ་ནམ་སྐྱེ་བ་ས་སྐྱའི་ཐིལ་དུ་འབྱུང༔ འཐའ་དམག་བཟློག་པའི་རྟེན་འབྲེལ་དེ་ལ་ཡོད༔ ཅེས་དང་། ཡང་དེ་ཉིད་ཀྱི་གཏེར་བྱོན་མགོན་པོ་མ་ནིང་གི་ལུང་བྱང་དུ། གཞན་ཡང་