R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༢༩༢
[A:༢༩༢]ཐུགས་ཉམས་སྤྱན་ལྟས་སུ་ཤར་བ་མཐའ་དག་དགོངས་པ་གཅིག་པར་མཚུངས་པའི་དོན་ཧྲིལ་གྱིས་དྲིལ་ན། ལྷ་རིགས་འཁོན་གྱི་གདུང་བརྒྱུད་དྲི་མ་མེད་པ་ཕལ་ཆེ་བ་དག་གི་སྤྲུལ་གཞི་འཇམ་དཔལ་དབྱངས་ཁོ་ན་ཡིན་པ་སྤྱི་ཁྱབ་ལྟར་ལ་ཁྱད་པར་སྟོན་པའི་དུས་སུ་རྫུ་འཕྲུལ་ཅན་གྱི་མཆོག་འཕགས་པ་མཽངྒལ་གྱི་བུ་དང་། དེ་དང་ཐུགས་རྒྱུད་གཅིག་པ་དགེ་བསྙེན་ལིཙྪ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་མངོན་པར་དགའ་བ་དང་། དེ་རྗེས་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་རང་བཞིན་རྫོགས་པ་ཆེན་པོའི་བཀའ་བབ་གསུམ་པ་རིག་འཛིན་ཤཱི་སིདྷ་དང་། ཐུགས་རྗེ་ཆེན་པོ་སྲོང་བཙན་ཆོས་རྒྱལ་གྱི་འཕྲུལ་བློན་མི་བཞིའི་ནང་ཚན་འགར་སྟོང་བཙན་ཡུལ་བཟུང་དང་། གངས་ཅན་བསྟན་པའི་གཞི་མ་ཐུབ་དབང་གཉིས་པ་མཁན་ཆེན་ཞི་བ་འཚོ་དང་། དེ་དང་ཐུགས་རྒྱུད་གཅིག་པ་དགེ་བསྙེན་ལི་ཙྪ་བིའི་སྐྱེ་སྤྲུལ་ལོ་ཆེན་ཅོག་རོ་ཀླུའི་རྒྱལ་མཚན་དང་། དེ་དག་དང་རྒྱུད་གཅིག་རྗེ་འབངས་ཉེར་ལྔའི་ནང་ཚན་མཁའ་ལ་ཐོགསམེད་རྒྱུ་བ་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་། སྐད་གཉིས་སྨྲ་བའི་དབང་ཕྱུག་གྱི་ཇོ་ཟླ་བའི་འོད་ཟེར་དང་། ལོ་ཆེན་ཅོག་རོ་དེ་ཉིད་ལ་སློབ་དཔོན་པདྨས་ཁྱོད་མ་འོངས་པ་ན་ས་ཞེས་བྱ་བར་རྣལ་འབྱོར་པ་བསོད་ནམས་རྩེ་མོ་ཞེས་བྱ་བར་འགྱུར་རོ་ཞེས་པ་ལྟར་སློན་དཔོན་རྩེ་མོའི་ཞབས་དང་། སློབ་