[A:༢༩༨]དངར་བ་དག་གིས་མདུན་བདར་བཞིན་པས། སྐུ་མཆེད་གསུམ་པོ་བགྲེས་རིམ་གྱིས་ཆོས་ཀྱི་ཁྲི་འཕང་ག་ལ་བར་ཕེབས་ཏེ་བཞུགས་པར། གསུང་ཆོས་དངོས་གཞི་ཉིན་གསུམ་ག་གཅེན་སྐུ་བགྲེས་རྗེ་བཙུན་མཐུ་སྟོབས་དབང་ཕྱུག་ཞབས་ནས་གནང་བའི་ཆོས་མཚམས་རྣམས་སུ། ཕྱོགས་མཐའི་ཆེ་གཉེན་དམངས་ཕལ་བཅས་ཀྱིས་ཁྲི་སྟོན་ལེགས་འབུལ་བློའི་ར་བར་མི་ཤོང་བ་ཕུལ། ཉིན་གསུམ་པ་ཚེས་བཅོ་ལྔ་ལ་ཡབ་རྗེ་རིན་པོ་ཆེ་ཉིད་ནས་སྦྱིན་བདག་གི་ཚུལ་གནང་སྟེ་འཇམ་མགོན་ངུར་སྨྲིག་བཞེས་པ་བསོད་ནམས་དབང་པོའི་ཞབས་ཚོགས་དབུར་སྤྱན་དྲངས་པ་དང་བཅས་ཁུ་དབོན་བཞི་ག་བཞུགས་ཁྲི་གཅིག་ལ་བཞུགས་ནས་ཆོས་འཁོར་ཐོག་མར་བསྐོར་བའི་ལེགས་མཛད་དེས་བསྟན་འགྲོ་སྤྱིའི་ཕན་བདེ་གོང་འཕེལ་དུ་འགྱུར་བ་དང་། སྐབས་དེའི་འབྲེལ་ཐོགས་རྣམས་ཀྱིས་དགེ་རྩ་རྫོགས་བྱང་དུ་བསྔོ་བའི་བདེན་ཚིག་རྡོ་རྗེའི་སྨོན་ལམ་དང་ཕྱོགས་ཀུན་ཏུ་བཀྲ་ཤིས་ཀྱི་མེ་ཏོག་སིལ་མས་ཁྱབ་པར་མཛད། གཞན་ཡང་དེ་སྐབས་ཀྱི་ཟང་ཟིང་གི་དངོས་པོ་ཕལ་ཆེ་བ་ཞིག་དེ་འཕྲལ་ནས་མཆོད་སྦྱིན་གྱི་ཡུལ་སོ་སོར་དགའ་སྟོན་དུ་སྩལ་བ་སོགས་གངས་ཅན་གྱི་ལྗོངས་སུ་རྫོགས་ལྡན་གྱི་ཉི་མ་རིང་དུ་ཤར་བ་མཛད་པ་ཡིན་ནོ། །དེ་སྐབས་ཉིན་རྗེས་མའི་གསུང་བསྔོའི་མཇུག་ཙམ་ལ་རྗེ་འདི་ཉིད་ནས་ངེས་འབྱུང་གི་རྣམ་པས་སྤྱན་ཆབ་དང་བཅས་《༢༩༩"/>ཨ་ནེ་ཨ་ནེ་ཞེས་བཏུད་མར་གསུངས་བ་ཞིག་བྱུང་བ་ཕྱིས་སུ་རྟོག་དཔྱོད་བྱུང་ཚེ་མངའ་རིས་གོང་མའི་ཁྲི་ལྕམ་རིན་ཆེན་བུ་ཁྲིད་ཞེས་སྔགས་འཆང་ཆོས་ཀྱི་རྒྱལ་པོའི་སྲས་མོ་རྗེ་འདི་ཉིད་ཀྱིས་ཨ་ནེ་དྲུང་གཤེགས་པ་དང་དུས་འགྲིག་པས་ཀུན་ཧ་ལས་པར་གྱུར་ཏོ། །
དེ་ནས་ལོ་ངོ་གཉིས་ཀྱི་རིང་ལ་རྒྱུད་གཞུང་མང་པོ་ཞིག་ཐུགས་འཛིན་དང་། རྡོ་རྗེ་ཕུར་པའི་ཆོ་གའི་ཁྲིགས་ཀྱི་དབྱངས་རོལ་བྲིས་ཐིག་སོགས་ལ་བྱང་ཆུབ་པར་མཛད། སྐབས་ཤིག་སྐུ་ཁམས་ཅུང་མ་བདེ་བའི་ཚེ་མནལ་ལམ་ཞིག་ཏུ་བུད་མེད་དམར་སྨུག་འཇིགས་གཟུགས་ལྕགས་ཀྱི་སྦར་མོ་ཅན་ཞིག་གིས་འདེད་པའི་ཐུགས་སྣང་བྱུང་བར། རྗེ་ཉིད་རིང་སྟབས་སུ་བྲོས་ཕེབས་པའི་སྐས་ཞིག་འདུག་པར་འཛེགས་ཕེབས་ཏེ་ཐོག་མཁར་ཕེབས་དགོངས་པ་དང་། བུད་མེད་དེའི་ཟིན་ལ་ཉེ་བའི་མཚམས། སྐས་མགོ་དེ་ནས་མི་བོང་ཆེ་བ་ཞིག་གིས་ཕྱག་ནས་འཐེན་ཏེ་བདེ་བར་ཕེབས་པ་ཞིག་བྱུང་བ། དམག་ཟོར་མའི་ཆོ་འཕྲུལ་ཞིག་ཏུ་འདུག་ཀྱང་རིགས་ཀྱི་སྲུང་མ་གཞན་གྱིས་བར་གཅོད་སྲུང་བའི་ལྟས་བཞིན་བསྙུན་ཡང་སེང་དངས་བྱུང་།
དགུང་ལོ་བཅུ་པ་ལ་འཇམ་གོན་བསོད་ནམས་དབང་པོ་ཕུ་རི་ནས་སྤྱན་དྲངས་ཏེ། ཡབ་སྲས་བཞི་གས་གཙོས་ཆོས་སྡེ་ལྷོ་བྱང་