[A:༣༠༠]གི་དགེ་འདུན་པ་མང་རབ་དང་བཅས་ལ་སྒྲུབ་ཐབས་བརྒྱ་རྩ། ས་ལོ་དང་། སྔགས་འཆང་ཆེན་པོ། བསོད་ནམས་དབང་པོ་ཉིད་བཅས་ཀྱི་བཀའ་འབུམ་རྣམས་དང་། རྩ་རྒྱུད་འཕགས་ཆེན་བཅས་ཀྱི་ལུང་སོགས་རྒྱ་ཆེར་གསན།
དགུང་ལོ་བཅུ་གཅིག་པ་སྤྲེའུ་ཞེས་པ་མེ་ལུག་ལོར་འཇམ་མགོན་དབང་པོའི་ཞབས་ཀྱི་དྲུང་ནས་རྒྱུད་སྡེ་རྒྱ་མཚོའི་ཡང་སྙིང་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པ་གསན་བཞེད་ཀྱིས་ཡབ་སྲས་བཞི་ག་ཆིབས་བཏེག་ཏེ་བྱས་འགྱུར་དུ་ཕེབས། ལོ་དེའི་དབོ་ཟླའི་ཚེས་བརྒྱད་ཉིན་ཆོས་ཐུན་དབུ་ཚུགས་པར་ནམ་མཁའ་ལ་འཇའ་གུར་སུམ་ཚོམ་གྱི་དབུས་སུ་རྗེ་བཙུན་དཀར་པོ་རྣམ་གསུམ་བཞུགས་པ་ཡབ་སྲས་ཐུན་མོང་གིས་གཟིགས་པ་དང་། མེ་ཏོག་གི་ཆར་སོགས་དགེ་མཚན་བརྗོད་དུ་མི་ལངས་པ་བྱུང་། དེ་སྐབས་བདག་མེད་ལྷ་མོ་བཅོ་ལྔའི་དབང་བཀའི་སྟ་གོན་གྱི་ནུབ་ཡབ་རྗེ་ཉིད་ཀྱི་མནལ་ལམ་དུ་རྒྱལ་ཡུམ་བཀྲ་ཤིས་དཔལ་གྱི་བུ་ཁྲིད་དེ་ཉིད་ཁྲི་མཐོན་པོ་ཞིག་ལ་བཞུགས་ནས་ཡབ་རྗེ་ཉིད་སོགས་སློབ་ཚོགས་མང་པོར་ཆོས་འཁོར་ཡུན་རིང་སྐོར་བ་ཞིག་མཚན་ལམ་དུ་ཤར་བས་ཕྱིར་ནང་སྔ་མོར་རྗེ་འདི་ཉིད་ཡབ་ཀྱི་དྲུང་དུ་ཕེབས་མ་ཐག་ངེད་ལ་མདང་སུམ་རྨི་ལམ་ངོ་མཚར་བ་བྱུང་། སྔགས་འཆང་ཆེན་པོ་དེ་ཉིད་ཀྱཻ་རྡོ་རྗེ་དང་། རྒྱལ་ཡུམ་དེ་ཉིད་བདག་མེད་མ་