[A:༣༠༨]བྱུང་བ་དང་མནལ་སད་པས། ཅི་འདྲ་ཞིག་ཡིན་དགོངས་པ་བྱུང་ཡང་། ཕྱིས་སུ་རྐང་གླིང་སྐད་ཆེར་མ་བྱུང་བ་སོགས་ནི་རྗེ་མུས་ཆེན་དེ་ཉིད་ལ་ཆོས་སྐྱོང་གི་བསྐོར་རག་བསྡུས་ཤིག་ལས་མ་གསན་པ་དང་། ཆུ་རྡོལ་བ་དང་རྫིང་བསྐྱིལ་བ་སོགས་ནི་གཞན་བདེ་ཀྱཻ་གསང་གསུམ་སོགས་ཟབ་ཆོས་མུ་མཐའ་མེད་པ་ཞིག་གསན་པ་དང་། ཉི་མ་ནུབ་པ་ནི་རྒྱལ་ཡུམ་དེ་ཉིད་སྐུ་མ་གཤེགས་བར་རྗེ་མུས་ཆེན་དེ་ཉིད་མ་མཇལ་བའི་རྟགས་སུ་འདུག་གསུངས། འོན་ཀྱང་ཉི་མ་ནུབ་པའི་བརྡའ་དོན་འདི་རྗེ་ཉིད་ནས་རང་བསྟོད་དུ་འགྱུར་དོགས་ཀྱི་དགོངས་པ་ཅན་གྱི་གསུང་སྩལ་བ་མ་གཏོགས། ཆུ་རྡོལ་ནས་རྫིང་བསྐྱིལ་གྲུབ་པ་དང་ཉི་མ་ནུབ་པ་དེ་ཉིད་མུས་ཆེན་ཉིད་ནས་ཟབ་ཆོས་ཞལ་ལུང་ཅིག་བརྒྱུད་ཀྱི་རིམ་པ་མཐའ་དག་བུམ་པ་གང་བྱོའི་ཚུལ་དུ་རྗེ་འདི་ཉིད་ལ་འབུལ་བར་མཛད་ནས་ཐུགས་ཀྱི་རྫིང་དུ་བསྐྱིལ་གྲུབ་པ་དང་དགོངས་པ་རྫོགས་ཏེ་ཞི་བར་གཤེགས་པའི་རྟགས་མཚན་་ངོ་མཚ་རར་སྣང་ངོ་། །དེ་ནས་མི་རིང་བར་གླང་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔར་རྒྱལ་ཡུམ་དེ་ཉིད་སྐུ་གཤེགས་པའི་དགོངས་་རྫོགས་གསུང་ཚོག་ལམ་སྟོན་སོགས་ཞུ་བ་དང་སྟབས་གཅིག་མུས་ཆེན་གྱི་དྲུང་དུ་གསུང་ཤོག་ཕུལ་ཏེ། རྗེ་ཉིད་ཀྱིས་མཇལ་ཐུབ་མིན་སོགས་བརྟག་པ་ཞུས་པར་གེགས་མེད་མཇལ་བའི་ལུང་བསྟན་གསལ་པོར་གནང་།