[A:༣༡༧]མགོན་དཔའ་གཅིག སྣ་ཚོགས་ཡུམ། རི་ཁྲོད་ལོ་མ་གྱོན་མ་གསུམ་གྱི་རྗེས་གནང་དང་། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་ན་བཟའ་དང་བཅས་ཚོགས་པ་ཐམས་ཅད་ལ་བྱིན་རླབས་མཛད་པས་དགོན་པའི་འབྲུམ་ནད་རྦད་ཆད་ཅིང་། དེ་སྐབས་སུ་ན་བ་རྣམས་ཀྱང་ཐར་བར་གྱུར་པས། རྟ་མོ་ལུང་པ་དང་། སྐྱེར་པ་སོགས་སུའང་སྤྱན་འདྲེན་ཞུས་པ་ལྟར་ཁྲོམ་དབང་མཛད་པས་ནད་འཕྲོ་ཆད་ཅིང་ན་མུ་ལས་ཐར་བ་སོགས་ཡ་མཚན་དཔག་ཏུ་མེད་པ་བྱུང་།
དེ་ནས་ཡུན་མི་རིང་བར་བྱང་པ་ཆོས་རྒྱལ་ངམ་རིང་དུ་ཕེབས་ནས་ཁྱབ་བདག་མུས་པ་ཆེན་པོ་དང་རྗེ་འདི་ཉིད་ཡབ་སྲས་ལྷན་ཅིག་ངམ་རིང་དུ་ཕེབས་དགོས་ཀྱི་སྙན་གསོལ་བསྐྱར་མ་བྱུང་བར། རྗེའི་ཞལ་ནས། ཁོ་བོ་ཚེ་མཇུག་འདིར་བསྒྲུབ་པ་རྩེ་གཅིག་ཏུ་བྱེད་པ་འདི་བཞག་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱི་སྤྱན་འདྲེན་བྱུང་ཡང་མི་འགྲོ་བའི་བློ་ཐག་བཅད་པ་ཡིན་པས། སྡེ་སྲིས་ཀྱིས་ཞུས་པ་བཞིན་ཁྱེད་དཔོན་སློབ་ཕེབས་ལ་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དགོས་གསུངས་པ་བཞིན་ཞལ་གྱིས་བཞེས་ཏེ་ཕེབས་བསུ་ཆ་བའི་ཚེ་དཔོན་སློབ་གཉིས་ཀ་གཟིམ་ཆུང་དུ་ཕེབས་ཏེ་མཐར་ཐུག་སྙིང་པོའི་ཉམས་ལེན་རྒྱུད་སྡེའི་གནད་འགག་དུ་མ་ཞིག་ལྷུག་སྩོལ་གནང་བས། རྗེ་ཉིད་ཀྱིས་ཐུགས་ལ་ཚེ་འདིར་གདམས་ངག་འདི་རྣམས་བསྒོམ་ནས་གྲུབ་རྟགས་ཐོན་པ་བྱེད་དགོས་སྙམ་པ་