R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༢༥
[A:༣༢༥]འདུས་ཚོགས་ལ་མང་འགྱེད་རྒྱས་པ་དུས་དྲན་རྒྱུན་འདོན་དང་། ཡབ་རྗེ་རིན་པོ་ཆེ་དང་མུས་ཆེན་གྱི་གདུང་རྟེན་ཐུན་མོང་དུ་དངུལ་གདུང་ཡིད་བཞིན་ནོར་བུ་ངོ་མཚར་རྨད་དུ་བྱུང་བ་དང་། སྐུ་བརྙན་སྐུ་ཚད་མ། དངུལ་སྐུ་ཆེ་ལེགས བྲིས་སྐུ་བརྒྱ་ཚར། ལོ་དུས་ཀྱི་མཆོད་འབུལ་དུ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་མཆོད་གསར་འཛུགས་སོགས་སྔ་ཕྱིར་དགོངས་རྫོགས་ཀྱང་ཕུལ་ཕྱིན་དང་། དེ་ནས་བདེ་མཆོག་གི་གསུང་བསྙེན་ཁ སྐོང་སྦྱིན་སྲེག་དང་བཅས་ལེགས་པར་གྲུབ་ནས་དེར་འཁོར་རྣམས་ལ་འཁོར་ལོ་བདེ་མཆོག་ནག་པོ་པའི་སྨིན་བྱེད་ཀྱང་སྩལ་ཏོ། ། དེ་ནས་དགུང་ལོ་ཉེར་གསུམ་དུ་ཕེབས་པ་ས་ལུག་ལོར་སྔ་གོང་རྣམས་ནས་སྟོན་པའི་ཞལ་སྐྱིན་ལྷ་ལྡན་ཇོ་ཤཱཀ་རིན་པོ་ཆེ་རྣམ་གཉིས་དང་། སྤྲུལ་པའི་གཙུག་ལག་ཁང་ཆེན་བསམ་ཡས་མི་འགྲུར་ལྷུན་གྱིས་གྲུབ་པས་གཙོས་གནས་རྟེན་རྣམས་མཇལ་བཞེད་ཐུགས་འདུན་ཆེ་བར་ཡོད་པའི་ཁར། དད་སྟོབས་ལྡན་པ་དབུ་རུ་ཡར་རྒྱབ་དཔོན་གྱི་བཙུན་མོ་ནམ་མཁའ་མཛོད་མས་སྔ་ཕྱིར་གདན་འདྲེན་ནནབསྐྱར་ལ་ཕེབས་པར་ཞལ་གྱིས་བཞེས། ཟླ་བ་ལྔ་པའི་ནང་ཆིབས་བཏེགས་པས་མི་དབང་ཀ་རྨ་ཕུན་ཚོགས་རྣམ་རྒྱལ་ནས་ཀྱང་ནན་ཞུས་ལྟར་ཕྱིར་ལམ་བསམ་འགྲུབ་རྩེར་ཕེབས། མི་དབང་འཁོར་བཅས་ལ་ཚེ་བཀའ་སོགས་རྗེས་གནང་དུ་མ་སྩལ།