[A:༣༤༢]དགུང་ལོ་ཉེར་བཞི་ལྕགས་སྤྲེ་ལོར་མུས་སུ་ཆིབས་བསྒྱུར་ཏེ། རྗེ་བཙུན་མུས་པ་ཆེན་པོའི་ནང་རྟེན་ཕྱི་རྟེན་ཐམས་ཅད་མཇལ་ཞུ་མཛད། དཀར་མེ་སྙན་ཤལ་གསོལ་འདེབས་སྨོན་ལམ་ཤིན་ཏུ་སྨིན་པར་བསྩལ། འདུས་ཚོགས་ལའང་མང་ཇ་གྲལ་འགྱེད་དང་། དེར་ཚོགས་ལ་རྗེས་གནང་ཟུར་བཀའ་བཅུ་ཕྲག་སོགས་ཆོས་ཀྱི་བཀའ་དྲིན་ཡང་མང་དུ་བསྩལ་ རྟ་མོ་བདེ་ལེགས་སུ་ཕེབས། དེ་ཕྱོགས་སྔར་སོར་སེར་བ་ཤིན་ཏུ་སྡང་བར་རྗེ་ཉིད་ནས་སྤྱན་དམིགས་སྲུང་འཁོར་གནང་བས་དེ་ཕྱིན་ལོ་གསུམ་ལ་སེར་བ་གཏན་ནས་མ་བྱུང་། དེ་ནས་ཡ་མ་བདེ་ལྡན་དང་། རྗོང་དགའ་ལྡན་རྩེ་སོགས་ཀྱི་གྲྭ་ཚོགས་ལ་མང་བསྐོལ་དང་ཆོས་བཀའ་ཅི་རིགས་པར་སྩལ། སྨོན་འགྲོ་ནས་ལྷ་ལྕམ་གྱིས་སྤྱན་དྲངས་པ་བཞིན་ཕེབས། ཚེ་བཀའ་བརྒྱ་ཚར་སོགས་ཀྱི་རྗེས་འཛིན་གནང་སྟེ་གདན་སར་ཕེབས།
འདི་ལོ་ཧོར་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་མོ་གཅེན་རིན་པོ་ཆེ་ཀུན་དགའ་དབང་རྒྱལ་གློ་བུར་དུ་ཞིང་བརྗེས་པའི་ཐུགས་དམ་གསལ་འདེབས་སུ་རྗེ་ཉིད་རྡོ་རྗེ་འཛིན་པ་བརྒྱ་ཕྲག་གི་འཁོར་དང་བཅས་པས་ཀྱཻ་རྡོ་རྗེའི་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་ཏེ་སྒྲུབ་ཅིང་མཆོད་པ་དང་། གཞན་ཡང་ཆོས་སྡེ་ཉེ་འགྱངས་མང་པོར་མང་འགྱེད་རྒྱ་ཆེན། ཁྱད་པར་འཇམ་མགོན་བསོད་ནམས་དབང་པོ་གདན་དྲངས་པ་དབུར་བཞུགས་ཀྱི་གཞིས་བྱེས་ཀྱི་དགེ་འདུན་ཁྲི་