R92: ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ཀྱི་ཁ་སྐོང་།

  • Pagination (Witness A): ༣༤༤
[A:༣༤༤]རྒྱལ་སྲས་མཆོག་གི་ཐུགས་སྟོབས་འཁུར་ཆེན་བཞེས་ཏེ་ཇི་ལྟར་ཞུས་པ་བཞིན་ཞལ་གྱི་བཞེས། ལོ་ཁོང་འདིར་དབུ་རྩེ་རྙིང་མའི་འཇམ་དབྱངས་གཟི་འོད་འབར་བ་དང་། སྔར་རབ་བྱུང་བཞེས་དུས་དབུ་གཙུག་ཕུལ་བའི་ཐུབ་དབང་རྡོ་རྗེ་གདན་ཆུང་མ་གཉིས་སྟབས་གཅིག་ཏུ་བཞུགས་པའི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་བསླབ་པ་འབུལ་ཆོག་ཚུལ་བཞིན་གནང་ནས་ཡོངས་རྫོགས་རྡོ་རྗེ་དགེ་བསྙེན་འཛིན་པའིརྟུལ་ཞུགས་བཞེས་ནས་བཟུང་ཕྱིས་བྱུང་ས་སྐྱ་པའི་བསྟན་སྲིད་ཡར་ཟླ་ལྟར་འཕེལ་བ་འདི་བྱུང་བ་ལགས། དེ་ནས་དགུང་ལོ་ཉེར་དྲུག་བཞེས་པ་ཆུ་་ཁྱི་ལོར་མི་དབང་ཀརྨ་བསྟན་སྐྱོང་དབང་པོས་ཕོ་བྲང་ཆེན་པོ་བསམ་འགྲུབརྩེར་སྤྱན་དྲངས། རྗེ་འདི་ཉིད་ནས་ཀྱང་མི་དབང་དེ་ཉིད་རྒྱལ་སར་འཁོད་ནས་ཆོས་འབྲེལ་ཞུས་པའི་ཐོག་མར་ཡིན་པའི་རྟེན་འབྲེལ་ལ་དགོངས་ཏེ་གསེར་ཟངས་ཀྱི་རྒྱལ་སྲིད་སྣ་བདུན་ཁྱད་མཚར་སོགས་ལེགས་སྐྱེས་རྒྱ་ཆེན་པོས་མངའ་དབུལ་གྱི་ཚུལ་དང་། དཔོན་སློབ་ལྔ་བཅུ་ཙམ་གྱིས་རྡུལ་ཚོན་ལ་བརྟེན་པའི་ཕུར་སྒྲུབ་གནང་ཞིང་། མི་དབང་ཆེན་པོ་དྲུང་འཁོར་བཅས་དང་སྐུ་རིམ་པའི་དགེ་འདུན་བརྒྱ་ཕྲག་ལ་རྡོ་རྗེ་ཕུར་པའི་སྨིན་བྱེད་དང་སླར་ཡང་ཆོས་རྒྱལ་འཁོར་བཅས་ལ་ཚེ་བཀའ་སོགས་འདོད་ཆོས་ལེགས་པར་སྩལ། སྐུ་ཆས་ཕོད་ཀ་འབྲུག་རིས་ཅན་སོགས་ཟང་ཟིང་གི་འབུལ་བ་བསམ་